ལྷོ་ཨཕ་རི་ཀར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
2008.07.23
༄༅༎ལྷོ་ཨཕ་རི་ཀའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁ་སྔོན་སྤྱི་ཚེས་༡༩ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཡོད་པ་རེད་
འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱེད་པའི་བོད་མི་ཚོའི་ཐོག་རྒྱབ་སྐྱོར་མཚོན་ཆེད་དུ་ལྷོ་ཨཕ་རི་ཀའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ལྔ་བཅུ་ལྔ་གྲངས་ཤིག་ནས་ཟླ་བ་འདིའི་ཚེས་༡༩ཉིན་ས་གནས་གྲོང་ཁྱེར་པེརེ་ཊོ་རི་ཡ་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་གནང་ཡོད་པ་རེད།
ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཚོས་བོད་ནང་ཞི་བདེ་ཞེས་འཁོད་པའི་སྟོད་གོས་སེར་པོ་གྱོན་ཏེ་ལག་ཏུ་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་སྐུ་ཚེ་ཞབས་སྐལ་བརྒྱར་བརྟན་པ་ཤོག་ བོད་ནང་སྡུག་རྩུབ་དང་བོད་མི་དམར་གསོད་བྱེད་རྒྱུ་མཚམས་འཇོག་དགོས་ བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏང་དགོས་ བོད་རྒྱའི་གྲོས་མོལ་གྱི་གནད་དོན་ལ་ཐད་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་དོན་དང་ལྡན་པའི་བཀའ་མོལ་གནང་དགོས་ཀྱི་རེད་ཅེས་འཁོད་པའི་རས་དར་ཡང་ཕྱག་ཏུ་ཁྱེར་ཡོད་པ་རེད་ ལས་འགུལ་དེའི་ནང་ས་གནས་སུ་ཡོད་པའི་རྒྱལ་སྤྱིིའི་ཉེས་ཡང་ཚོགས་པ་དང་དེ་བཞིན་འབར་མ་རང་དབང་ཞེས་པའི་ཚོགས་པ་ཁག་ནས་ཀྱང་མཉམ་བཞུགས་གནང་ཡོད་པ་རེད་ དེ་དང་ཆབས་ཅིག་ལས་འགུལ་བ་ཚོས་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་དུ་ཤོག་གྲངས་གཉིས་ཡོད་པའི་ཟིན་ཐོ་ཞིག་ཕུལ་ཡོད་པ་དེའི་ནང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་ནས་དྲག་གནོན་བྱས་ཏེ་བོད་མི་མང་པོ་ཞིག་དམར་གསོད་བཏང་བ་དང་ འཛིན་བཟུང་བྱས་པ་ རྨས་སྐྱོན་བཏང་བ་སོགས་ཀྱི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་པས་ ང་ཚོས་བོད་རྒྱ་གཉིས་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་གོང་ཞུས་གནད་དོན་དེ་སེལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ཞུས་པའི་གནད་དོན་སོགས་བཀོད་པའི་ཟིན་ཐོ་ཞིག་རྒྱ་ནག་གཞུང་ཚབ་ལས་ཁང་དུ་ཕུལ་ཡོད་པ་དང་དེའི་ངོ་ཤུས་ལྷོ་ཨཕ་རི་ཀའི་སྲིད་འཛིན་དང་ ཕྱི་སྲིད་བློན་ཆེན་ དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བཅས་པར་ཕུལ་ཡོད་པ་རེད་འདུག།