པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས།
2009.04.27
༄༅༎བཙན་བྱོལ་བོད་གཞུང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོར་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན་སྤྱི་འཐུས་ཚོགས་གཙོ་མཆོག་གི་ཕྱག་བྲིས་དེའི་ནང་གསར་འགྱུར་བརྒྱུད་ལམ་ནང་པེ་ཅིང་གི་ཆིན་ཧ་གཙུག་ལག་སློབ་གཉེར་ཁང་གི་ལྷན་ཚོགས་ཤིག་གི་ཐོག་ཉི་ཧོང་གི་གསར་འགོད་པ་ཡོ་ཨི་ཆི་ཤི་མ་ཚུ་ཡིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ཤས་སྔོན་སྦྲིད་ནད་ཀྱིས་མནར་ནས་དགོངས་པ་རྫོགས་ཟིན་སྐོར་བརྗོད་པ་དེ་རྒྱ་ནག་གཞུང་གིས་གང་ཉིད་སྐུ་ཁམས་གསལ་བཞུགས་ཡོད་པའི་གཏམ་བཤད་དེ་དང་འགལ་ཟླ་ཆགས་ཀྱི་ཡོད་སྐོར་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད།
ཡང་ཕྱག་བྲིས་དེའི་ནང་ཉི་ཧོང་གི་གསར་འགོད་པ་དེས་གསུངས་པ་དེ་བདེན་པ་ཡིན་པ་ཡིན་ན་བོད་མི་ཚང་མར་བློ་འཚབ་ཤུགས་ཆེ་སྐྱེད་གཞི་ཞིག་ཡིན་པ་དང་གང་ཉིད་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་དེ་འཛམ་གླིང་ཁྱོན་ཡོངས་ལ་གསལ་པོ་བཟོ་དགོས་པ་དང་གལ་སྲིད་གང་ཉིད་འཚོ་བཞུགས་ཡོད་པ་ཡིན་ན་གང་ཉིད་ཀྱི་གནས་སྟངས་དང་ག་པར་ཡོད་མེད་སོགས་ཀྱི་སྐོར་ཕྱི་བསྒྲགས་གནང་དགོས་པ་མ་ཟད་གང་ཉིད་ཀྱི་གདན་སར་གདན་འདྲེན་ཞུ་དགོས་སྐོར་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་ནང་ ཡོད་པའི་བོད་མི་རྣམས་ཀྱིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉི་ཤུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་ཁ་ཉིན་རེས་གཟའ་སྤེན་པ་ཉིན་གནང་ཡོད་པ་རེད།