དམིཌ་བསལ་སྐུ་ཚབ་ནས་ལོ་གསར་འདུ་འཛོམས་ཐོག་གསུང་བཤད།
2011.03.06
༄༅༎བོད་ལྕགས་ཡོས་ལོའི་ལོ་གསར་གྱི་ཚེས་གཅིག་རེས་གཟའ་སྤེན་པའི་དགོང་དྲོ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་མི་དམངས་འདུ་འཛོམས་ཤིག་གོ་སྒྲིག་གནང་བ་དེ་ནི། གཙོ་བོ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་བོད་མི་ན་གཞོན་ཚོར་བོད་ཀྱི་སྲོལ་རྒྱུན་ལོ་གསར་གྱི་བྱེད་སྒོ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཆེད་དུ་དམིགས་པའི་མཛད་སྒོ་ཞིག་ཡིན་ཞིང༌། མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགོ་ཁྲིད་ལྕམ་མེའེ་རི་སྦེཐ་དབུས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་རིང་མིན་ཕྱི་ཟླ་བདུན་པའི་ནང་རྒྱལ་ས་ལྦ་ཤིང་ཀྲོན་དུ་དུས་འཁོར་བཀའ་དབང་གོ་སྒྲིག་ལས་དོན་ཐོག་ཕྱག་རོགས་གནང་མཁན་ཕྱི་རྒྱལ་བ་གདན་ཞུ་གནང་བའི་ཐོག་ས་གནས་ཀྱི་བོད་མི་བཅས་ཁྱོན་མི་གྲངས་༢༠༠མཉམ་འཛོམས་གནང་འདུག་
སྐབས་དེར་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་གི་གསུང་བཤད་ནང༌། བོད་ནང་དུ་རང་འབྱུང་སོགས་ཀྱི་གནོད་འཚེ་བྱུང་བའི་རྐྱེན་གྱིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལོ་གསར་བསུ་བ་ཞུ་བའི་བྱེད་སྒོ་དེ་ནི་དགའ་དགའ་སྤྲོ་སྤྲོའི་རྣམ་པ་མ་ཡིན་པར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ཆེད་དུ་ཡིན་པ་དང༌། ལོ་གསར་པ་དེའི་ནང་མི་རེ་ངོ་རེའི་ཐོག་ནས་བྱུང་ན་དམ་བཅའ་ཞིག་བཞག་དགོས་པ་གལ་ཆེན་པོ་མཐོང་ཞིང༌། དེ་ནི། ལོ་གསར་པ་དེའི་ནང་དུ་རང་ཉིད་ཀྱིས་བོད་སྤྱིའི་པའི་ལས་དོན་གང་འདྲ་ཞིག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བརྟན་པོ་བཞག་སྟེ་ལག་བསྟར་བྱ་རྒྱུའི་འབོད་སྐུལ་གནང་བ་དང་སྦྲགས་གསུང་བཤད་ཀྱི་ནང་དོན་གཙོ་བོ་ཞིག་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་མཛད་འཁུར་ནས་དགོངས་ཞུ་གནང་རྒྱུའི་བཀའ་སློབ་ཕེབས་པ་དེ་ནི།བོད་མི་ཚོའི་ཕྲག་པར་འགན་རྩིས་སྤྲོད་གནང་རྒྱུའི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་དགོངས་གཞི་ཞིག་ཡིན་པ་མ་ཟད། བོད་ཀྱི་རྩ་དོན་བློས་གཏོང་གནང་བ་ཞིག་མ་རེད་ཅེས་བསྐྱར་དུ་གསལ་བཤད་གནང་སོང་ལ། གནས་ཚུལ་དེ་རྗེས་མའི་གཟའ་འཁོར་གཉིས་གསུམ་ནང་ཇེ་གསལ་དུ་འགྲོ་རྒྱུ་ཡིན་པ་གསུངས་སོང༌༎