༸གོང་ས་མཆོག་གིས་གལ་ཆེའི་གསུང་འཕྲིན་ཞིག་སྩལ་ཡོད་པ།
2008.11.14
༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དམིགས་བསལ་ཚོགས་ཆེན་ཚོགས་པར་ཉིན་གཉིས་ལས་མེད་པའི་སྐབས་དེ་རིང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་སུ་གནས་པའི་གཞིས་བྱེད་བོད་མི་ཚོར་དམིགས་བསལ་གྱི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ་དང་གསུང་འཕྲིན་གྱི་ནང་དོན་གཙོ་བོ་ནི་༸གོང་ས་མཆོག་སྐུ་ན་ཆུང་དུས་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་དམངས་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གཟིགས་ཏེ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་འབད་བརྩོན་གནང་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་བྱུང་མེད་པ་དང་ཕྱིས་སུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་དམངས་གཙོའི་དོན་སྙིང་ལག་བསྟར་གནང་སྟེ་བོད་མིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་དམངས་ཚོགས་ཀྱི་བསམ་ཆར་བསྡུ་ལེན་བྱས་ཏེ་ཐག་གཅོད་བྱ་རྒྱུའི་འབད་བརྩོན་རྒྱུན་འཁྱོངས་གནང་བ་དང་ད་ལྟ་ཡང་བཙན་བྱོལ་བོད་གཞུང་གིས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་བཞིན་པ་འདི་ཡང་ཕྱི་ལོ་༡༩༧༠འི་འགོ་སྟོད་དུ་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་སོགས་དམངས་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འགོ་ཁྲིད་རྣམས་དང་བསམ་ཞིབ་གོ་བསྡུར་ལན་མང་གནང་སྟེ་གཏན་འབེབས་བྱས་པ་མ་ཟད་བོད་ཀྱི་གནད་དོན་དེ་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་ཡིན་པ་གསལ་པོ་གསུང་ཡོད་ཅེས་དང་བར་ལམ་ཕྱི་ལོ་༢༠༠༢ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་པ་ནས་བཟུང་ད་བར་ཐེངས་བརྒྱད་འབྲེལ་མོལ་བྱུང་ཡོད་ཀྱང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ལ་འཛིན་པའི་སྲིད་ཇུས་ལའང་འགྱུར་བ་གང་ཡང་ཕྱིན་མེད་པ།རྩ་བའི་འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མུ་མ ཐུད་བྱ་རྒྱུའི་འཆར་གཞི་མེད་ཀྱང་བར་ལམ་ཕྱི་ཟླ་གསུམ་པའི་ནང་ཐོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་ནས་རིམ་པས་འབྲེལ་མོལ་ཐེངས་བདུན་པ་དང་བརྒྱད་པ་མ་ལན་མ་འགྱོད་པའི་ཚུལ་དུ་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་བྱུང་མེད་པ།འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཆོལ་ཁ་གསུམ་དང་རྒྱ་ནག་གི་ས་ཁུལ་ནང་གནས་སྡོད་བོད་མི་རྒན་གཞོན་དར་གསུམ་གྱིས་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འདོད་པ་མེད་པའི་རྣམ་པ་ཤུགས་ཆེ་བཏོན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་རྣམས་ལ་ཁ་བྲལ་པ་དང་ལོག་སྤྱོད་པའི་ཉེས་མིང་བཏགས་ཏེ་དྲག་གནོན་ཚབས་ཆེ་བཏང་བར་བརྟེན་སྐབས་དེར་༸གོང་ས་མཆོག་ཐུགས་འགན་མི་བཟོད་པར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་ཕྱག་བྲིས་བཏང་ཡང་དོན་འབྲས་སོན་པ་གང་ཡང་བྱུང་མེད་པ་སོགས་འབྱུང་རིམ་དེ་དག་གི་ཐོག་ནས་ད་ཆ་དམིགས་བསལ་ཚོགས་འདུ་ཚོགས་རྒྱུ་ཡིན་པ་བརྟེན་ཚོགས་ཆེན་འདིའི་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང་རྒྱལ་སྤྱིའི་གནས་བབ།ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་གཞི་རྩར་བཞག་ཏེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲུལ་ཕུགས་ཀྱི་བསམ་བློ་བཏང་སྟེ་གོ་བསྡུར་ལྷུག་པོ་བྱ་དགོས་པ་ཡིན།མཐར་དོན་དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་བཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་དམངས་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་ཇུས་ཁག་དཀྲི་བྱེད་ཡུལ་ལྟ་བུའམ་ཡ་ན་ངེས་ཅན་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས་ཞེས་བཀའ་གནང་ཡོད་པ་རེད།