རྒྱ་ནག་གི་རྩེད་འགྲན་པས་ལོ་ཚད་རྫུན་བཟོ་བྱས་ལུགས་སྐོར།
2008.08.15
༄༅༎རྒྱ་མིའི་ཇིམ་ནེསི་ཊིག་རྩེད་མཁན་གྱི་བུད་མེད་ཁྲོད་ལ་ལོ་ཚད་རྫུན་བཟོ་བྱས་པའི་རྩོད་གཞི་མུ་མཐུད་ཡོད་པ་བཞིན་དེ་རིང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་སྨན་དོན་ལྷན་ཁང་གི་མཁས་དབང་ ཨར་ནེ་ལང་ཁུ་ལྦིསི་ ཡིས་རྒྱ་མིའི་རྩེད་འགྲན་པའི་ནང་ལོ་རྫུན་བཟོ་བྱས་ཡོད་ལུགས་ཀྱིས་རྩོད་གཞིའི་གནད་དོན་ཐོན་བཞིན་པའི་དེའི་ཐོག་ལ་ངེས་གཏན་གྱི་ཞིབ་འཇུག་བྱས་མེད་པའི་སྐོར་དེ་རིང་གསར་འགོད་པར་གསུང་ཡོད་པ་རེད།
རྒྱ་མིའི་ཇིམ་ནེསི་ཊིག་ལུས་རྩལ་པ་བུད་མེད་གསུམ་གྱི་ལོ་ཚད་མཐོ་རུ་བཏང་སྟེ་རྩེད་མོའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་པར་བརྟེན་ ཨོ་ལིམ་པིག་རྩེད་འགྲན་གྱི་སྒྲིག་གཞི་དང་འགལ་འཛོལ་བྱས་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་ཀྱང་རེས་གཟའ་ལྷག་པའི་ཉིན་ཁོང་ཚོར་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད། སྐུ་ཞབས་ཨར་ནེ་ནི་འཛམ་གླིང་གི་རྩེད་འགྲན་པ་ཆུང་བ་ཚོའི་འབྲེལ་ལམ་ཐད་འཛིན་སྐྱོང་གི་ཐུགས་འགན་བཞེས་བཞིན་ཡོད་པ་དང་ཁོང་གི་འགན་འཁུར་བཞེས་པའི་སྐབས་དེར་རྒྱ་མིའི་རྩེད་འགྲན་པས་ལོ་ཚད་རྫུན་བཟོ་བྱས་པའི་རྩེད་གཞིའི་དོན་རྐྱེན་བྱུང་བར་བརྟེན་ཁོང་གིས་གནད་དོན་དེའི་ཐད་གླེང་སློང་གནང་གི་ཡོད་པ་རེད། ཁོང་གིས་གསུང་ན། རྒྱ་མིའི་རྩེད་འགྲན་པས་ལོ་ཚད་མཐོ་རུ་བཏང་བ་དེ་དངོས་ཡོད་ཀྱི་ལོ་ཏག་ཏག་ཡིན་མིན་གཏན་འཁེལ་ཡོང་རྒྱུའི་ཚན་རིག་གི་ཐོག་ནས་ཐབས་ལམ་ཡོད་ལུགས་དང་དེར་བརྟེན་ཁོང་གིས་རྒྱལ་སྤྱིའི་ཇིམ་ནེསི་ཊིག་ལུས་རྩལ་ཚོགས་པའི་སྨན་དོན་དཔོན་རིགས་ཀྱི་ལྷན་དུ་རྩོད་གཞིའི་དོན་རྐྱེན་དེའི་ཐད་བཀའ་བསྡུར་གནང་བཞིན་ཡོད། ཡིན་ནའང་ངོས་ཀྱི་ཕྱོགས་ནས་ནོར་འཁྲུལ་དེར་འདུག་ཅེས་ཤོད་ཐུབ་ཀྱི་མ་རེད་ཅེས་གསུང་ཡོད་པ་རེད།