རྒྱ་ནག་གི་ལྷོ་ཕྱོགས་མཚོ་ཁའི་ཁུལ་རླུང་འཚུབ་ཀྱི་ཉེན་ཁ་ཡོད་པ།
2008.10.04
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་ཕྱོགས་མཚོ་ཁའི་ས་ཁུལ་ནང་ཆར་ཞོད་དྲག་པོ་དང་རླུང་འཚུབ་རྒྱབ་རྒྱུའི་ཉེན་ཁའི་འོག་མཚོ་ཁའི་ཁུལ་དུ་ཡོད་པའི་གྲུ་པ་རྣམས་ཉེན་གཡོལ་དུ་བསྐྱོད་དགོས་པའི་བརྡ་ཁྱབ་གཏོང་བཞིན་ཡོད་པ་རེད།
གཟའ་འཁོར་འདིའི་འགོ་སྟོད་དུ་ཕི་ལི་པིན་ནང་རླུང་འཚུབ་དྲག་པོ་བརྒྱབ་པའི་རྐྱེན་གྱིས་གནམ་གྲུ་དུས་ཐོག་ཏུ་འཕུར་བསྐྱོད་དང་གྲུ་གཟིངས་འགྲིམས་འགྲུལ་ཐོག་ལ་འགོག་རྐྱེན་བཟོས་ཡོད་པ་དང༌། དེ་རིང་རྒྱ་ནག་རྒྱལ་ཡོངས་གནམ་གཤིས་ལས་དོན་ལྟེ་གནས་ཁང་གིས་རླུང་འཚུབ་དེ་ནི་རྒྱ་ནག་གི་ལྷོ་ནུབ་ཀྱི་ས་ཁུལ་ཕྱོགས་སུ་མགྱོགས་ཚད་ཀི་ལོ་མི་ཊར་ཉི་ཤུ་བསྐྱོད་བཞིན་ཡོད་པ་བརྟེན་རེས་གཟའ་པ་སངས་ཕྱི་དྲོ་འམ་ཡང་ན་རེས་གཟའ་སྤེན་པའི་སྔ་དྲོ་རྒྱ་ནག་གི་ལྷོ་ཕྱོགས་ཀུང་ཏུང་ཞིང་ཆེན་ཕྱོགས་སུ་རྒྱབ་རྒྱུ་དང༌། རླུང་འཚུབ་དེ་ཡིས་དྲག་ཆར་དང་རླུང་ཤུགས་དྲག་པོ་རྒྱབ་རྒྱུའི་ཉེན་བརྡ་ཐེངས་དང་པོ་བཏང་བའི་རྗེས་སླར་ཡང་ཆེས་ཛ་དྲག་གི་ཉེན་བརྡ་རིམ་པ་ཨང་གཉིས་པ་ཞིག་བཏང་སྟེ་མཚོ་ཁའི་ས་ཁུལ་ནང་གི་མོ་ཊའི་འགྲིམས་འགྲུལ་བྱ་རྒྱུ་མཚམས་འཇོག་བྱས་ཏེ་ཉེན་གཡོལ་དུ་སྡོད་དགོས་པ་དང་ས་གནས་དཔོན་རིགས་ཀྱིས་དྲག་ཆར་དང་རླུང་ཤུགས་དྲག་པོའི་གནོད་འཚེར་ཛ་དྲག་གི་ཉེན་སྐྱོབ་ཀྱི་ལས་དོན་གྲ་སྒྲིག་ཨང་སར་བྱ་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་མ་ཟད། རང་འབྱུང་གནོད་འཚེའི་ཐད་གཞུང་གི་རོགས་རམ་ལས་ཁང་གིས་ཆུ་ལོག་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་པའི་རིམ་པ་ཨང་གསུམ་པའི་ཛ་དྲག་གི་ཉེན་བརྡ་བཏང་ཡོད་པ་རེད།