རྒྱ་ནག་ནང་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་དོར་མཁན་ཇེ་མང་།
2015.05.22
རྒྱ་ནག་ནང་འུ་ཐུག་ཐབས་ཟད་ཀྱིས་རང་གི་སྲོག་དོར་ནས་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
དེ་ཡང་Globalpostཞེས་པའི་དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། དེང་སྐབས་རྒྱ་ནག་ནང་རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ཚོང་དོན་ཁྲོམ་ར་ལྟེ་གནས་ཝང་ཕུ་ཇིང་ཁུལ་དུ་རྒྱ་ནག་གི་ཞིང་པ་མི་གྲངས་༣༠ཙམ་གྱིས་གཞུང་ཕྱོགས་ནས་ཁོང་ཚོའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་མི་འདོད་པར་རང་སྲོག་དོར་རྩིས་བྱས་བའི་གནས་ཚུལ་བྱུང་ཡོད་ཀྱང་། གནས་ཚུལ་བྱུང་མ་ཐག་ཉེན་རྟོག་པས་རང་སྲོག་དོར་མཁན་འཕྲལ་མར་སྨན་ཁང་དུ་བསྐྱལ་ནས་དེ་མིན་རྣམས་མགྱོགས་མྱུར་ས་གནས་དེ་ནས་ཕྱིར་འཁྲིད་ཏེ་ཝང་ཕུ་ཇིང་ཁུལ་དུ་དུས་ཚོད་ཐུང་ངུའི་ནང་གནས་ཚུལ་གང་ཡང་བྱུང་མེད་པ་ལྟ་བུའི་ཞི་འཇམ་གྱི་རྣམ་པ་ཞིག་བསྐྲུན་ཡོད་པ་དང་། དེ་རྗེས་རྒྱ་ནག་ཉེན་རྟོག་པས་དོན་རྐྱེན་དེའི་ནང་མི་ཤི་རྐྱེན་བྱུང་མེད་ལུགས་བརྗོད་ཡོད་པ་རེད། ཡིན་ན་ཡང་ གནས་ཚུལ་དེ་འདྲའི་ཐོག་ནས་རྒྱ་ནག་གི་མི་སེར་ཚོ་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་དོར་ནས་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཐབས་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བཤད་ཀྱི་ཡོད་པ་རེད།
རྒྱ་ནག་ནང་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཉིས་སྟོང་བཞི་ལོའི་གྲངས་འབོར་གཞིར་བཞག་ན། རྒྱ་ནག་དབུས་བདེ་སྡུག་ཞུ་ཡུལ་ལས་ཁང་དུ་ལོ་གཅིག་ལ་བདེ་སྡུག་ཞུ་མཁན་མི་གྲངས་ས་ཡ་བཅུ་ཙམ་ཡོད་པ་དང་། ཡིན་ནའི་རྒྱ་ནག་དབུས་བདེ་སྡུག་ཞུ་ཡུལ་ལས་ཁང་གིས་ལོ་གཅིག་ལ་མི་གྲངས་༥༠༠ཙམ་གྱི་གནད་དོན་ལས་ཐག་གཅོད་ཐུབ་ཀྱི་མེད་པ་རེད། དེ་དང་ཕྱོགས་མཚུངས་བོད་ནང་ལ་ཡང་ཉིས་སྟོང་བརྒྱད་ལོར་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་ཞི་རྒོལ་བྱུང་ནས་དེར་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་འོག་ཉིས་སྟོང་དགུ་ལོ་ནས་བཟུང་ད་བར་ལོ་ངོ་དྲུག་ཙམ་ནང་བོད་མི་༡༤༠ཙམ་གྱིས་སྐུ་ལུས་མེར་བསྲེགས་གནང་ཏེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་དང་འབྲེལ་༧གོང་ས་༧སྐྱབས་མགོནཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།
གསར་འགོད་པ་འཆི་མེད།