ཁེ་ན་ཌའི་སློབ་གྲ་ཆེན་མོའི་ཉམས་ཞིབ་ཁང་གི་སྙན་ཐོ་ཞིག་སྐོར།
2008.10.03
༄༅༎གཟའ་ཕུར་བུའི་ཉིན་ཁེ་ན་ཌའི་སློབ་གྲ་ཆེན་མོའི་ཉམས་ཞིབ་ལས་ཁང་གིས་སྙན་ཐོ་ཞིག་བཏོན་ནས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཊོམ་ཟེར་བའི་ལག་ཐོག་ཁ་པར་ཁེ་ལས་ཚོང་དོན་ཁང་དང༌། ཨ་རིའི་ཨི་སྦེའེ་ཟེར་བའི་དྲ་རྒྱའི་ཐོག་ནས་དངོས་ཟོག་ཚོང་འདྲེན་བྱེད་མཁན་གྱི་ཁེ་ལས་ཚོང་དོན་ཁང་ལ་དབང་བའི་སིཀའེབ་དྲ་རྒྱའི་བརྒྱུད་ལམ་གཉིས་དབར་མཉམ་ལས་བྱས་ནས། དྲ་རྒྱའི་ཐོག་ནས་ཁ་པར་དང་ཡང་ན་ཡིག་ཐོག་འབྲེལ་བ་བྱེད་ཡས་ཀྱི་འབྲེལ་ལམ་བཟོས་ནས། མི་མང་པོ་ཞིག་གིས་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། ཡིན་ནའི་གོང་ཞུས་ཊོམ་སིཀའེབ་ཟེར་བའི་དྲ་རྒྱ་བེད་སྤྱོད་མཁན་ཚོས་བོད་དང་དེ་བཞིན་ཐའེ་ལྦན་རང་བཙན་སོགས་ཚོར་བ་རྣོ་བའི་ཐ་སྙད་བེད་སྤྱོད་བྱས་ཚེ་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་བཏོན་པའི་རྗེས། ད་རེས་གཟའ་པ་སངས་ཉིན་ཊོམ་ཁེ་ལས་ཚོང་དོན་ཁང་གིས་དེའི་ཐོག་གསལ་བསྒྲགས་སྤེལ་ཡོད་པའི་ནང༌། ཁེ་ལས་ཚོང་དོན་ལས་ཁང་དེ་བཞིན་རྒྱ་ནག་གི་ཁེ་ལས་ཚོང་དོན་ལས་ཁང་ཞིག་ཡིན་པའི་ཆ་ནས། རྒྱ་ནག་ནང་ཚོང་དོན་ལས་རིགས་སྤེལ་རྒྱུར་རྒྱ་ནག་གི་ཁྲིམས་ལུགས་དང་སྒྲིག་གཞི་ཁག་ལ་སྲུང་བརྩི་ཞུ་དགོས་ཀྱི་ཡོད་པ་ལན་འདེབས་བྱས་ཡོད་འདུག རྒྱ་ནག་གི་ཊོམ་ཁེ་ལས་ཚོང་དོན་ཁང་དང་མཉམ་ལས་བྱེད་མཁན་གྱི་ཨ་རིའི་སིཀའེབ་དྲ་རྒྱའི་ཁེ་ལས་ཚོང་དོན་ཁང་གི་འགན་འཛིན་ནས་གནད་དོན་དེའི་སྐོར་གསལ་བསྒྲགས་སྤེལ་ཡོད་པའི་ནང་ལ། དྲ་རྒྱའི་ཚོང་དོན་ཁང་དེས་དྲ་རྒྱའི་བདེ་འཇགས་གནད་དོན་ཐོག་དམ་ཟབ་བྱེད་ཤུགས་ཆེ་རུ་བཏང་ཟིན་པ་དང༌། དྲ་རྒྱའི་ཐོག་གི་གནས་ཚུལ་རྒྱ་ནག་གཞུང་གིས་ལྐོག་ཉན་བྱེད་ཡས་དེ་ཡང་ཊོམ་ཁེ་ལས་དྲ་རྒྱའི་ཚོང་དོན་དེ་དང་རྒྱ་ནག་གི་ཚོང་དོན་ལས་ཁང་གཞན་དང་འདྲ་བར་རྒྱ་ནག་གི་ཁྲིམས་ལུགས་དང་སྒྲིག་གཞི་བཞིན་ལས་དོན་སྤེལ་དགོས་ཀྱི་ཡོད་པ་དང༌། ཡིན་ནའི་ཨ་རིའི་སིཀའེབ་ཚོང་ལས་ཁང་གིས་རྒྱ་ནག་གི་ཊོམ་ཁེ་ལས་ཚོང་དོན་ཁང་ལ་འབྲེལ་བ་བྱས་ནས་དྲ་རྒྱའི་གནས་ཚུལ་ཕྱིར་གྱར་བྱེད་ཡས་ཀྱི་གནད་དོན་དེ་མི་ལྷག་རྒྱུའི་ཆེད་ཕན་ཚུན་སྐད་ཆ་བཤད་མུས་ཡིན་པ་གསུང་ཡོད་འདུག།