རྒྱ་མིའི་གཞུང་ཚབ་མདུན་འཐུམ་སྒྲིལ་དྭོཌ་གཞི་ཅན་ཞིག་རྙེད་པ།
2009.01.17
༄༅༎རེས་གཟའ་པ་སངས་ཕྱི་དྲོ་ཨ་མི་རི་ཀའི་ནུབ་ཕྱོགས་ཀེ་ལི་ཕོ་ནི་ཡ་མངའ་སྡེའི་གྲོང་ཁྱེར་སེན་ཕེརན་སིསི་ཀོའི་ནང་ཡོད་པའི་རྒྱ་ནག་གི་ཡན་ལག་གཞུང་ཚབ་ལས་ཁུངས་མདུན་གློག་རྫས་དང་གློག་སྐུད་ཡོད་པའི་འཐུམ་སྒྲིལ་དྭོགས་གཞི་ཅན་ཞིག་བཞག་ཡོད་པ་དེ་ས་གནས་ཉེན་རྟོག་ལས་ཁང་གི་འབར་རྫས་རྟོག་ཞིབ་སྡེ་ཚན་གྱི་མི་སྣས་གས་གཏོར་བྱས་ཡོད་འདུག
དྭོགས་གཞི་ཅན་གྱི་འཐུམ་སྒྲིག་དེ་ས་གནས་ཀྱི་དགོང་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་བརྙེད་སོན་བྱུང་ཡོད་པ་དང་ཆུ་ཚོད་དྲུག་པ་ཙམ་ལ་ཉེན་རྟོག་པས་གས་གཏོར་བྱས་ཡོད་འདུག་ཅིང་ཉེན་རྟོག་པས་འཐུམ་སྒྲིལ་དེ་འབར་རྫས་ཡིན་པ་ད་བར་གསལ་བརྗོད་བྱས་མེད་པ་རེད། ཉེན་རྟོག་པའི་མགྲིན་ཚབ་པ་ལྦིལ་ཕེརེདྲ་ལྦི་ལི་ཡེམ་སི་ཡིས་གསུངས་ན་ད་ལྟའི་སྐབས་ང་ཚོས་འཐུམ་སྒྲིལ་དེ་ཉེན་ཁ་མེད་པའི་དངོས་རྫས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།འོན་ཀྱང་ཞིབ་རྟོག་པ་ཚོས་འཐུམ་སྒྲིལ་ནང་གི་དངོས་རྫས་ཁག་ལ་ཞིབ་འཇུག་བྱེད་མུས་ཡིན་པ་གསུངས་ཡོད་པ་རེད།
སེན་ཕེརན་སིསི་ཀོའི་རྒྱ་ནག་གི་ཡན་ལག་གཞུང་ཚབ་ལས་ཁུངས་མདུན་བོད་མི་ཚོས་དུས་ཚིགས་ཆེ་ཁག་སྐབས་ངོ་རྒོལ་བྱ་ཡུལ་ཞིག་ཡིན་ཞིང་ལྷག་པར་དུ་སྔ་ལོ་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་མ་ཚུགས་གོང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཡན་ལག་གཞུང་ཚབ་ལས་ཁུངས་དེའི་མདུན་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་སྤེལ་ཡོད་པ་རེད། འོན་ཀྱང་ཉེན་རྟོག་པས་ད་བར་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་འཐུམ་སྒྲིལ་བཞག་མཁན་སུ་ཡིན་མིན་གསལ་བཤད་གང་ཡང་བྱས་མིན་འདུག