ལྕམ་སུ་ཅི་གློད་བཀྲོལ་ཐོབ་པར་རྒྱ་གཞུང་ལ་བློ་འཚབ་བཟོ་གཞི།
2010.11.15
༄༅༎འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་མཆོག་བཟང་བཙོན་འོག་ནས་རང་དབང་གློད་བཀྲོལ་ཐོབ་གནང་བ་དེས་རྒྱ་ནག་གཞུང་གི་སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོར་བློ་འཚབ་བཟོ་གི་ཡོད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་པ་གནང་འདུག།
ལྕམ་སུ་ཅི་ལ་རང་དབང་ཐོབ་པ་དེས་ཨ་རི་དང་ཡུ་རོཔ་མཉམ་ཚོང་འབྲེལ་བྱེད་མཁན་གྱི་གཞུང་གསར་པ་ཞིག་གསར་འཛུགས་གནང་རྒྱུ་ཡིན་ནམ། ནུབ་ཕྱོགས་རྒྱལ་ཁབ་ཚོས་འབར་མའི་ཐོག་དཔལ་འབྱོར་གྱི་དམ་བསྒྲགས་གནང་བའི་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་གིས་ཡུལ་དེའི་ནང་ཚོང་ལས་ཐོག་མ་རྩ་ཕོན་ཆེ་འཛུགས་འཇོག་བྱས་པ་དེ་ག་རེ་ཆགས་མིན་སོགས་དྲི་བ་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད།
ཀོང་ཀྲུའུ་ཇི་ནན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འབར་མའི་ཐོག་གི་མཁས་པ་ལིན་ཤི་ཤིང་ཡིས་ནུབ་ཕྱོགས་ཡུལ་ཁག་གིས་འབར་མའི་ཐོག་ད་ཕན་དཔལ་འབྱོར་གྱི་དམ་བསྒྲགས་གནང་བ་དེ་ཚོ་ཕྱིར་འཐེན་གནང་བ་ཡིན་ན། འབར་མའི་ནང་ཚོང་ལས་བྱེད་བཞིན་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ལ་སླད་ཕྱིན་རྒྱལ་ཁབ་གཞན་པའི་ཁེ་གཉེར་ལས་ཁང་གིས་འགྲན་བསྡུར་ཤུགས་ཆེ་བྱ་རྒྱུ་ཡིན་སྟབས། རྒྱ་ནག་གིས་འབར་མའི་ནང་གི་འགྱུར་བ་ཞིབ་ཚག་པོའི་ངང་ནས་དོ་སྣང་བྱ་རྒྱུ་ཡིན་པ་དང༌། ལྕམ་སུ་ཅིར་གློད་བཀྲོལ་ཐོབ་པ་དེས་མ་འོངས་གནས་སྟངས་ཇི་འདྲ་ཆགས་མིན་ད་ལྟ་ངེས་གཏན་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།
ལྕམ་སུ་ཅི་མཆོག་ལ་བཟང་བཙོན་འོག་ནས་གློད་བཀྲོལ་ཐོབ་པའི་རྗེས་གཏམ་བཤད་ཐོག་མ་དེ་གནང་སྐབས། འབར་མའི་མང་ཚོགས་ཀྱི་འདོད་པ་ཡོད་ཚེ་ནུབ་ཕྱོགས་རྒྱལ་ཁབ་དང་ལྷན་དུ་འབར་མའི་ཐོག་དཔལ་འབྱོར་གྱི་དམ་བསྒྲགས་ཡོད་པ་དེ་ཚོ་ཕྱིར་འཐེན་ཡོང་ཐབས་སྐོར་བཀའ་མོལ་གནང་རྒྱུའི་འདོད་པ་ཡོད་ཅེས་གསུངས་ཡོད་པ་དང༌། ཆབས་ཅིག་རྒྱ་ནག་དེ་བཞིན་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེ་ཞིག་ཡིན་པར་བརྟེན་རྒྱ་ནག་དགྲྭ་བོར་རྩིས་རྒྱུ་མིན་པའི་བཀའ་མོལ་གསུངས་ཡོད་པ་རེད།