ཞི་ཅིན་ཕིང་ལ་ངོ་རྒོལ་སྤེལ་རྒྱུར་ཚད་བཀག་བཟོས་འདུག
2017.01.15

དེ་རིང་ཚེས་༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སུད་སིའི་རྒྱལ་ས་བྷེན་ནང་དུ་འབྱོར་ཡོད་པ་དང་། བོད་མི་ཚོས་ཞི་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་སུད་སི་གཞུང་གིས་དུས་ཚོད་དང་ས་ཆ་ཚད་བཀག་བཟོས་ཡོད་འདུག དེ་ཡང་སུད་སིའི་རྒྱལ་ས་བྷེན་གྲོང་ཁྱེར་བདེ་འཇགས་འགན་འཛིན་Reto Nauseཡིས། ཁོང་དང་བོད་མི་རྣམས་གྲོས་མོལ་བྱས་ནས་མཐའ་མའི་ཐག་གཅོད་ལ་བོད་མི་ཚོས་ངོ་རྒོལ་ལས་འགུལ་ཆུ་ཚོད་གཉིས་རིང་སྤེལ་རྒྱུ་དང་། དེ་ཡང་སྲིད་འཛིན་ཞི་ཅིན་ཕིང་བྷེན་ལ་མ་འབྱོར་བའི་ཉིན་གུང་སྔོན་ནས་མཇུག་བསྒྲིལ་དགོས་པ། ལས་འགུལ་སྤེལ་ཡུལ་སུད་སིའི་གྲོས་ཚོགས་ལས་ཁང་ནས་ཁང་རྩེག་སྟར་པ་གསུམ་གྱི་རྒྱང་ཐག་ལ་ཡོད་པའི་ཁྱམས་ར་གྲུ་བཞི་མར་སྤེལ་རྒྱུའི་མོས་མཐུན་བྱུང་ཡོད་སྐོར་བཤད་བཞག
སུད་སི་བོད་མིའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་བུ་ལགས་ཀྱིས་ཁོང་རྣམས་ཀྱིས་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ལ་བརྟེན་ནས་སུད་སི་གཞུང་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཕྱོགས་གཉིས་བར་གྲོས་མཐུན་བཞག་དགོས་བྱུང་བ་དང་། བོད་མི་ཚང་མས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་རྒྱུ་གལ་ཆེ་ཡང་བོད་མིར་ཡོད་པའི་བརྩི་མཐོང་དེ་མུ་མཐུད་ཉར་རྒྱུ་དེ་དེ་ལས་གལ་ཆེ་བ་ཡིན་པའི་འགྲེལ་བརྗོད་གནང་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ སུད་སི་གཞུང་གིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་སུད་དུས་ཚོད་དང་ས་ཆ་ཚད་བཀག་བཟོས་པ་དེས་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ལ་དམ་བསྒྲགས་བྱས་པ་ཞིག་ཡིན་པའི་བློ་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག
སང་ཉིན་རེས་གཟའ་ཟླ་བ་དང་གནང་ཉིན་རེས་གཟའ་མིག་མར་ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་སུད་སི་དཔོན་རིགས་དང་མཇལ་འཕྲད་གྲོས་མོལ་གནང་རྗེས་ཁོང་གྲོང་ཁྱེར་Davos ནང་ཚོགས་རྒྱུའི་ལོ་འཁོར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལྷན་ཚོགས་ལ་ཚོགས་ཞུགས་གནང་རྒྱུ་ཡིན་འདུག།གསར་འགོད་པ་ཚེ་དབང་དངོས་གྲུབ།