སུད་སི་ཡུལ་ནང་བོད་མིས་རྒྱ་ནག་སྲིད་བློན་ལ་ངོ་རྒོལ་བྱས་པ།

སུད་སི་ནང་བོད་མི་བརྒྱ་ཙམ་གྱིས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ལ་ངོ་རྒོལ་གནང་བ་དང་བོད་མི་ཉི་ཤུ་རྩ་གཅིག་ཁྱུག་ཙམ་རིང་འཛིན་བཟུང་བྱས་པ།

2009.01.28

༄༅༎ཁ་ས་སུད་སི་རྒྱལ་ས་སྦརྣ་ནང་བོད་མི་བརྒྱ་ཙམ་གྱིས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ལ་ངོ་རྒོལ་གནང་ཡོད་པ་དང་སུད་སི་ཉེན་རྟོག་པས་ངོ་རྒོལ་གནང་མཁན་གྱི་གྲས་ནས་བོད་མི་ཉི་ཤུ་རྩ་གཅིག་ཁྱུག་ཙམ་རིང་འཛིན་བཟུང་བཀག་ཉར་གནང་འདུག

སུད་སི་གཞུང་ནས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ལ་སྲུང་སྐྱོབ་ཀྱི་གྲ་སྒྲིག་དམིགས་བསལ་གནང་ཡོད་པ་དང་དེ་ནི་ལོ་བཅུའི་གོང་རྒྱ་ནག་གི་སྲིད་འཛིན་ཅང་ཇེ་མིན་རྒྱལ་ས་སྦརྣ་ནང་ཕེབས་སྐབས་བོད་མི་ཚོས་ངོ་རྒོལ་ཤུགས་ཆེ་གནང་བ་དེ་དག་བསྐྱར་དུ་ད་རེས་མི་ཡོང་བའི་དོན་དུ་ཡིན་པ་རེད། སུད་སི་དབུས་གཞུང་གི་ལས་ཁང་ཆེ་ཁག་ཡོད་སའི་གཡས་གཡོན་ལམ་གཞུང་ཚང་མ་བཀག་ཡོད་པ་དང་གྲོས་ཚོགས་དང་དེ་མིན་གཞུང་གི་ལས་ཁང་ཁག་གི་ལས་བྱེད་པ་ཚོར་ལས་ཁུངས་ཁག་གི་སྒོ་དང་སྒེ་ཁུང་ཚང་མ་རྒྱབ་དགོས་པའི་འབོད་སྐུལ་ཀྱང་གནང་འདུག ལྦེན་ཅ་པའོ་ལ་ངོ་རྒོལ་གནང་མཁན་བོད་མི་ལྔ་བཅུ་ནས་བརྒྱད་ཅུ་བར་ཞིག་གིས་བོད་ཀྱི་རྒྱལ་དར་དང་རྒྱ་ནག་ལ་ངོ་རྒོལ་གྱི་ཕྲེད་དར་བསྣམས་ནས་སུད་སི་དབུས་ལས་ཁང་གི་མདུན་ངོས་འཁེལ་སའི་ཟུར་སྟོང་ཞིག་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་ངོ་རྒོལ་གནང་མཁན་ཁག་ཅིག་གིས་ཉེན་རྟོག་པས་བཀོད་པར་ཉན་འཇོག་མ་གནང་བར་བརྟེན་ཉེན་རྟོག་པས་མི་གྲངས་ཉི་ཤུ་རྩ་གཅིག་འཕྲལ་སེལ་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ཁོང་རྣམས་རྗེས་སུ་གློད་བཀྲོལ་བཏང་ཡོད་རུང་ཉེས་པ་ཕོག་རྒྱུ་ཡིན་སྐོར་སུད་སི་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག

ཉེན་རྟོག་པས་འཛིན་བཟུང་བྱས་པའི་གྲས་སུ་ཡོད་པའི་སུད་སི་གནང་བཅའ་ཞུགས་བོད་པའི་རོལ་དབྱངས་གཏོང་མཁན་རྣམ་གླིང་བློ་བསྟན་ལགས་ཀྱིས་རྒྱ་ནག་གི་སྲིད་བློན་ལ་བོད་མི་ཚོས་བོད་རང་དབང་མ་འཐོབ་ཀྱི་བར་དུ་འཐབ་རྩོད་བྱ་རྒྱུ་ཡིན་པ་གསལ་བཏོན་ཆེད་ངོ་རྒོལ་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་རྒྱ་ནག་དང་སུད་སི་གཉིས་དབར་དཔལ་འབྱོར་གྱི་འབྲེལ་བ་གནང་ཕྱོགས་སྐོར་སུད་སིའི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་གནང་ཡོད་པ་དང་བདུན་ཕྲག་འདི་རྫོགས་མཚམས་སུད་སིའི་གྲོང་ཁྱེར་ཌ་ལྦོ་སི་ནང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་འཛོམས་ཤིག་གནང་རྒྱུ་ཡིན་པ་དེའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎