ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་ཐོག་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་འཆར་ཡོད་འདུག

2024.05.16
ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་ཐོག་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་འཆར་ཡོད་འདུག སྐུ་ཞབས་(Lai Ching-te)ཡོངས་གྲགས་སུ་ཝི་ལེམ་ལའེ་(William Lai)་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་སྐབས། ༠༡།༡༣།༢༠༢༤
AP

བདུན་ཕྲག་རྗེས་མའི་གཟའ་ཟླ་བ་སྟེ་ཕྱི་ཟླ་༥ཚེས་༢༠ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་(Lai Ching-te)ཡོངས་གྲགས་སུ་ཝི་ལེམ་ལའེ་(William Lai)ལགས་ཀྱི་དམ་འབུལ་མཛད་སྒོའི་སྐབས་ཨ་རིའི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་འཆར་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ་དེ་སྔའི་ཨ་རིའི་དཔལ་འབྱོར་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སྦརཡེན་དྷེསི་(Brian Deese)མཆོག་དང་། ཕྱི་སྲིད་དྲུང་ཆེ་གཞོན་པ་རི་ཆརཌི་ཨརྨི་ཊེཆ་(Richard Armitage) དེ་བཞིན་གཞུང་གི་སློབ་སྟོན་པ་ཟུར་པ་རི་ཆརཌི་སྦུཤ་ (Richard Bush)བཅས་ཡོད་འདུག དེ་དང་ཕྱོགས་མཚུངས་ཐེ་ཝན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ངོ་བོ་མཚོན་དོན་ལས་ཁུངས་ཀྱི་སྐུ་ཚབ་པ་ལའོ་རཱ་ རོསེན་བྷར་ཇར་(Laura Rosenberger) ལགས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་པ་༢༠༢༤ཟླ་༥ཚེས་༡༥ཉིན་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་གསལ་འདུག
སྤྱི་བསྒྲགས་དེའི་ནང་ད་དུང་། ད་རེས་ཐེ་ཝན་སྲིད་འཛིན་གསར་པའི་མཛད་འཁུར་གྱི་དམ་འབུལ་ཞུས་པའི་སྐབས། གཞུང་འབྲེལ་མ་ཡིན་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་གནང་རྒྱུ་འདི་ནི་རྒྱ་ནག་གཅིག་ཅེས་པའི་ཨ་རིའི་འཛིན་པའི་སྲིད་ཇུས་གཞི་ལ་བཞག་པའི་ཐོག་ནས་སྐུ་ཚབ་ཚོགས་ཆུང་གཏོང་སྲོལ་ཡོད་པ་ཞིག་ཡིན་པ་ལས་གསར་པ་གང་ཡང་མ་རེད། ཐེ་ཝན་ནི་མང་གཙོའི་ལམ་ལུགས་ལྡན་པ་ཞིག་རེད་ལ་རྒྱལ་ནང་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་མིག་དཔེ་འོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བཀོད་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་ (Joe Biden) མཆོག་གིས་ཕྱི་ལོ་ ༢༠༢༡ དང་ཕྱི་ལོ་ ༢༠༢༢ སོ་སོར་ཡང་འོས་བསྡུའི་སྔ་རྗེས་སུ་འདི་ལྟ་བུའི་སྐུ་ཚབ་ཚོགས་ཆུང་བཏང་གནང་ཡོད་པ་རེད་ཅེས་གསལ་བཤད་ཀྱང་གནང་ཡོད་པ་རེད།
དམ་འབུལ་མཛད་སྒོའི་ཐོག་ཨ་རིའི་སྐུ་ཚབ་ཚོགས་ཆུང་གཏོང་འཆར་གྱི་གནད་དོན་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བསམ་ཚུལ་འདྲི་བརྩད་བྱས་པའི་སྐབས། གཞུང་ཚབ་ཁང་གི་མགྲིན་ཚབ་པ་ ལིའུ་ པེང་ཡུ་(Liu Pengyu)ཡིས། ཐེ་ཝན་ནང་ཨ་རིའི་སྐུ་ཚབ་ཚོགས་ཆུང་གཏོང་རྒྱུ་དེར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ཐེ་ཝན་གྱི་གནད་དོན་དེ་རྣོ་ངར་ཅན་ཞིག་ཡིན་དུས་ཨ་མི་རི་ཀས་དེར་གཞིགས་པས་བསམ་ཤེས་བྱེད་ཐུབ་ན་ཡག་གི་རེད་ལ་དེ་ལྟར་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད། འོན་ཀྱང་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ཁང་གི་སྐྱོན་བརྗོད་དེའི་ཐད། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་དམ་འབུལ་གྱི་མཛད་སྒོར་སྐུ་ཚབ་ཚོགས་ཆུང་གཏོང་རྒྱུ་དེ་ནི་རྒྱུན་ལྡན་གྱི་ལམ་སྲོལ་ཞིག་རེད། དེར་རྒྱ་ནག་གིས་ཞེད་སྣང་བྱེད་དགོས་དོན་ཡོད་མ་རེད། དེ་བས་གནད་དོན་དེས་རྐྱེན་པས་རྒྱ་ནག་གི་དམག་དོན་གྱི་དཔུང་ཤུགས་ངོམ་ནས་ཐེ་ཝན་ལ་སྡིག་ར་སྐུལ་བའི་བྱ་སྤྱོད་དེ་ནི་ཉེན་ཁ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
གཞན་ཡང་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་གདན་ཞུས་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཟླ་ ༥ ཚེས་ ༡༤ ནས་ ༢༡ བར་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཐེ་ཝན་དོན་གཅོད་ཁང་དང་དེ་ནས་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་རེད། ཚོགས་ཆུང་དེའི་ནང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ཡོད་འདུག ཕྱི་ཚེས་ ༢༠ ཉིན་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་ཚོགས་སྐབས་ཁོང་རྣམ་པ་ཡང་ཐེ་ཝན་དུ་ཡོད་འདུག
ཕྱི་ཟླ་༥ཚེས་༡༥ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཡེཀ་པོམ་པེའོ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཧོང་ཀོང་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བའི་སྐོར་ལ་བཅར་འདྲིའི་སྐབས། ཁོང་གིས། ཐེ་ཝན་གྱི་མང་གཙོའི་ལམ་ལུགས་དང་འོས་བསྡུའི་ལས་རིམ་ཁག་གིས་ཐེ་ཝན་མི་དམངས་ཀྱི་ཚད་མཐོའི་རང་དབང་མཚོན་པ་མ་ཟད། འཛམ་གླིང་ཡོངས་ལ་དེ་དོན་བརྡ་ལན་སྤྲོད་ཐུབ་པའི་རྒྱལ་ཁ་ཞིག་ཀྱང་ཡིན་པས། ཁོང་ཉིད་རིང་མིན་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་དགའ་སྟོན་ཐོག་དངོས་སུ་འགོ་ཁྲིད་གཞན་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ལ་དགའ་ཚོར་སྐྱེ་བཞིན་ཡོད་པ་གསུངས་ཡོད་པ་རེད།
༢༠༢༤ཕྱི་ཟླ་༡ཚེས་༡༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་གསར་པར་འཚམས་འདྲིའི་གསུངས་འཕྲིན་སྩལ་བའི་ནང་། ད་རེས་ཐེ་ཝན་ནང་མང་གཙོའི་ལམ་ནས་འོས་བསྡུ་གནང་པ་དེས་རང་དབང་དང་ཆེ་མཐོང་གིས་འཚོ་འདོད་མཁན་ཡོངས་ལ་སྙིང་སྟོབས་སྐྱེས་གཞི་ཆགས་ཡོད་པ་བཀའ་སྩལ་ཡོད་པ་རེད།།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎