བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གི་ཉེན་རྟོག་པས་འབོད་འགུག་འདྲི་རྩད་བྱས་འདུག

བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྤྱི་ཚེས་༡༨་ཉིན། ཁོང་གི་སྒེར་གྱི་སྤྱི་ཚོགས་དྲྭ་བ་ཝའེ་པའོ་(Weibo)་འམ་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༡༧་ཉིན་ཡུལ་ཤུལ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པས་ཁོང་ལ་ཁ་པར་ཡོང་ནས་སྤྱི་བདེ་ལས་ཁུངས་ནང་ཡོང་དགོས་པའི་འབོད་འགུག་བྱས་བ་ལྟར། ཁོང་སྤྱི་བདེ་ལས་ཁུངས་སུ་བཅར་སྐབས། ཡུལ་ཤུལ་གྲོང་ཁྱེར་ཀྱི་ཉེན་རྟོག་པས་ཆུ་ཚོད་ཁ་ཤས་རིང་བཀག་ཉར་འདྲི་རྩད་བྱས་ཡོད་པ་དང་། སྐབས་དེར་ཁྱོད་རང་བོད་ཀྱི་སྐད་ཡིག་སློབ་གསོ་ལ་དོ་སྣང་བྱེད་དགོས་པའི་འགན་དེ་གང་ནས་སླེབས་སོང་། ཞེས་དྲི་བ་འདྲ་མིན་དྲིས་བར། ཁོང་གིས་དེང་སྐབས་གཟའ་འཁོར་གཉིས་རེའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རེ་མེད་པར་འགྱུར་བཞིན་ཡོད་པར་བརྟེན་ངས་བོད་ཀྱི་སྐད་དང་ཡི་གེ་རྩ་བརླག་མི་འགྲོ་བའི་ཆེད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེ་བས་དེ་འདྲ་བའི་བསམ་བློ་འཁྱེར་མཁན་འགོ་ཁྲིད་དང་ལས་དོན་སྒྲུབ་མཁན་ཞིག་ཡོད་ན་བསམ། དེ་མ་གཏོགས་བོད་མི་རིགས་ཀྱི་ཡི་གེ་དང་སྐད་ཡིག་ལ་ཉེན་ཁ་ཆེན་པོ་འདུག་ཅེས་ལན་བཏབ་པ་ཡིན་ཅེས་དང་། ད་དུང་ཁྱེད་ཚོས་ང་འབོད་འགུག་འདྲི་རྩད་བྱེད་དོན་ནི། ངས་བཤད་པའི་སྐད་ཆ་དང་པོད་འཕྲིན་དྲ་བར་སྤེལ་བའི་གནས་ཚུལ་དག་བདེན་པ་མིན་པ་དང་ཡང་ན་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན་ནམ་ཞེས་དྲིས་པར། ཉེན་རྟོག་པས། པོད་འཕྲིན་མཐོང་མ་བྱུང་། ང་ཚོས་བརྟག་དཔྱད་བྱས་རྗེས་ཐག་གཅོད་ཐུབ་ཀྱི་རེད། ང་ཚོས་ཁྱོད་རང་སྲིད་གཞུང་ལས་ཁུངས་ལ་ཞུ་གཏུགས་དང་། ཡང་ན་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བར་བཀག་འགོག་བྱེད་ཀྱི་མ་རེད་ཅེས་བརྗོད་སོང་ཞེས་བྲིས་འདུག
གནས་ཚུལ་དེ་ཁོང་སྤྱི་ཟླ་དང་པོིའི་ཚེས་༡༢་ཉིན། ཡུལ་ཤུལ་གྲོང་ཁྱེར་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང་གྲོང་ཁྱེར་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་ལས་ཁུངས་སུ་སྲིད་གཞུང་ནང་ཁུལ་དང་ཕྱི་རོལ་ནས་བོད་སྐད་ཡིག་བེད་སྤྱོད་དར་སྤེལ་འགན་དགོས་པའི་འབོད་སྐུལ་ཆེད་བཅར་སྐབས། སྲིད་ཁྲིམས་ཁང་གི་འགོ་ཁྲིད་ནས་བཀག་འགོག་བྱས་པའི་ཉིན་ཤས་རྗེས་འབོད་འགུག་བྱས་བ་ཡིན་འདུག
གཞན་ཁོང་གིས་ཝའེ་པའོ་དྲ་བར། གོང་དུ་ཞུས་པའི་ཉེན་རྟོག་པ་དང་སྲིད་ཁྲིམས་མི་སྣ་དེ་དག་གིས་ཆབ་སྲིད་ཀྱི་གོ་དབང་བེད་སྤྱོད་ཀྱིས་སྤྱི་འབངས་ཀྱིས་སྲིད་གཞུང་ལ་ཞུ་གཏུག་ཆོག་པའི་དབང་ཆ་བཀག་འགོག་དང་ཐེ་བྱུས་བྱས་པའི་སྐྱོན་བརྗོད་དང་། བྱ་སྤྱོད་དེས་བོད་ཀྱི་སྐད་དང་ཡི་གེ་སྣང་མེད་བཏང་བ་རེད། དེར་བརྟེན་བོད་ཀྱི་ས་ཁུལ་གྱི་ཁྲིམས་འཛིན་མི་སྣ་དང་གཞུང་གི་ལས་དོན་སྒྲུབ་མཁན་དག་གིས་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་རྩ་ཁྲིམས་ཀྱི་ཁྲིམས་ལུགས་འདུ་ཤེས་དར་སྤེལ་ཤུགས་གནོན་གནང་རོགས་ཞེས་འབོད་སྐུལ་གནང་འདུག
དེའི་སྔོན་སྤྱི་ཟླ་༡་པོའི་ཚེས་༣་ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝའེ་པའོ་དྲ་བར། ང་ཚོས་ཇི་ལྟར་བྱས་ནས་བོད་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་དགོས། ཞེས་སྐད་ཡིག་སྲུང་སྐྱོབ་ཐད་རྩོམ་ཐུང་ཞིག་གཤམ་ལྟར་སྤེལ་འདུག
མིག་སྔར་ང་ཚོས་མཐོང་ཆེན་བྱ་དགོས་པའི་གནད་དོན་ནི། བོད་རིགས་རང་སྐྱོང་ས་གནས་ཀྱི་གཞུང་ལས་པ་དང་དོན་ལས་སྡེ་ཁག་ནང་ལས་མི་གདན་ཞུ་བྱེད་སྐབས། བོད་ཡིག་གི་རྒྱུགས་ཤོག་སྤྱོད་མིན་དང་བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་གི་སྡེ་ཁག་གམ་དངུལ་ཁང་དང་གློགའཕྲིན་འབྲེལ་འཕྲིན་སོགས་ནང་ཁུལ་དང་ཕྱི་རོལ་གྱི་ཡིག་ཆ་དང་གན་རྒྱ། ཡིག་ཚགས་སོགས་ཀྱི་རྒྱུ་ཆ་བོད་ཀྱི་ཡི་གེ་སྤྱོད་མིན།། ཡང་ན་ལས་སྒོ་གཉེར་སྐབས་བོད་མི་ལ་བོད་སྐད་བཤད་མིན་དང་།། བོད་རིགས་ས་ཁུལ་གྱི་སློབ་གྲྭའི་ནང་བོད་ཡིག་ལྷད་མེད་༼རྩིས་རིག་དང་། རིག་ཚན། རང་བྱུང་ཚན་རིག་ཚན་ཁག་སོགས་བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་མིན༽་སྤྱོད་མིན་བཅས་ལ་བལྟ་དགོས། ། སློབ་ཆེན་དུ་ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་འབྲེལ་ཡོད་བོད་ཡིག་ཆེད་ལས་ཡོད་དམ་མེད།།
རང་ཉིད་ཀྱིས་བསམ་ན་གོང་གི་དེ་དག་ནི་བོད་ཡིག་དང་བོད་སྐད་ཀྱི་སྲོག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ བོད་རིགས་རང་སྐྱོང་ས་གནས་ཀྱི་གཞུང་ལས་པ་དང་དོན་ལས་སྡེ་ཁག་མི་སྣ་གདན་ཞུ་ཡིག་ཚད་ གཏོང་་སྐབས་བོད་ཡིག་གི་རྒྱུགས་ཤོག་མེད་ན། བོད་རིགས་སློབ་མས་བོད་ཡིག་སློབ་སྦྱོང་བྱ་རྒྱུ་དོར་ནས། རྒྱ་ཡིག་མ་སྦྱོང་ཀ་མེད་བྱུང་ཡོད།། ང་ཚོའི་མིག་སྔའི་ཡོངས་ཁྱབ་ཀྱི་འདུ་ཤེས་ནི། སློབ་གྲྭ་ཆེན་མོ་འགྲིམ་དོན་ནི་གཞུང་ཞབས་པ་དང་དོན་ལས་སྡེ་ཁག་ལ་རྒྱུགས་འཕྲོད་པའི་ཆེད་དུ་ཡིན་ཞིང་། ད་ལྟ་ང་ཚོས་བོད་རིགས་སློབ་གྲྭ་བ་ཧ་ཅང་མང་པོ་ཞིག་སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་བོད་ཀྱི་ཡི་གེ་སྦྱོང་མྱོང་མེད་པས། ཁོ་ཚོའི་ད་ལྟའི་བོད་ཡིག་ཆུ་ཚད་ནི་བོད་ཡིག་གི་བརྡ་སྤྲོད་སོགས་བརྗེད་ནས་བོད་ཡིག་འབྲི་མི་ཤེས་པའི་གནས་སུ་སླེབ་འདུག བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་གི་སྡེ་ཁག་དང་དོན་ལས་སྡེ་ཁག་ནང་དུ་ལོ་ན་གཞོན་པའི་བོད་རིགས་ལས་བྱེད་པ་དང། ཐ་ན་ལོ་བཞི་བཅུ་ལྔ་བཅུ་ལོན་པའི་བོད་རིགས་ལས་བྱེད་པའི་ནང་དུའང་བོད་སྐད་བཤད་མི་ཤེས་པའི་བོད་རིགས་ཀྱི་གཞུང་དོན་བ་ཁག་གཅིག་ཡོད་པས། དེ་དག་ནི་བོད་ཀྱི་སྐད་དང་བོད་ཀྱི་ཡི་གེ་ཉམས་དམས་སུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་ང་ཚོས་ཤེས་དགོས། ། ཡུལ་ཤུལ་བའི་སློབ་གྲྭ་བཞིན་བོད་ཡིག་སྣ་གཅིག་ལས་སྦྱང་གི་མེད་པའི་༼རྩིས་རིག་དང་། རིག་གནས་ཚན་ཁག་གམ་རང་བྱུང་ཚན་རིག་ཚན་ཁག་བཅས་རྒྱ་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་ཡོད།༽་སློབ་ཚན་གྱི་སློབ་ཁྲིད་བྱེད་སྟངས་དེས། དེང་སྐབས་བོད་ཀྱི་ཡི་གེ་དང་བོད་སྐད་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་མེད་པ་མ་ཟད། བོད་རིགས་སློབ་མ་ཁག་གཅིག་དབྱིན་ཡིག་འཛིན་གྲྭར་དབྱེ་ཡོད། ཁོང་ཚོ་ལ་ལ་ཞིག་གིས་བོད་ཀྱི་ཡི་གེ་སྦྱོང་གི་མེད། དེ་དག་གིས་བོད་ཀྱི་སྐད་དང་ཡི་གེ་ཉམས་རྒུད་ཇེ་མགྱོགས་སུ་བཏང་ཡོད། ལོ་བཅུ་ལྷག་ཙམ་སོང་རྗེས་བོད་ཀྱི་སྐད་དང་ཡི་གེ་དེ་བས་ཚབས་ཆེ་རུ་ཕྱིན་ཡོང།
གོང་དུ་བཤད་པའི་བོད་ཀྱིསྐད་དང་་ཡི་གེ་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་འདི་དག་ནི། རང་རྒྱལ་གྱི་《རྩ་ཁྲིམས་》དོན་ཚན་བཞི་པའི་ནང་གི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་འཕེལ་གཏོང་བའི་རང་དབང་ཡོད། ཡང་ན་དོན་ཚན་བརྒྱ་དང་ཉེར་གཅིག་པའི་“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ། ”དང་ 《མི་རིགས་རང་སྐྱོང་བཅའ་ཁྲིམས་》ཀྱི་དོན་ཚན་བཅུ་པ་དང་དོན་ཚན་ཉེར་གཅིག་པའི་“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར།ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང་། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས། ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས། ”གོང་གསལ་དེ་དག་ལག་ལེན་དུ་བསྟར་ཐུབ་ན། ད་གཟོད་བོད་རིགས་ས་ཁུལ་གྱི་སྲིད་གཞུང་སྡེ་ཁག་གིས།རང་རྒྱལ་གྱི་མི་རིགས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ལྟར་ལག་ལེན་བསྟར་བཞིན་པ་མཚོན་ཐུབ། ཞེས་བྲིས་འདུག
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། དེ་སྔ་པེ་ཅིན་དུ་གནས་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པས་བཅར་འདྲིའི་སྐབས། བོད་ནང་གི་བོད་ཀྱི་སྐད་ཡིག་སློབ་གསོའི་གནས་བབས་དང་ཐོབ་ཐང་སྐོར་གནས་ཡོད་གནས་སྟངས་ལན་འདེབས་བྱས་བར་བརྟེན། མི་ལོ་གཉིས་ལ་གསང་བའི་བཀག་ཉར་བྱས་པ་དང་། རྗེས་སུ་མི་ལོ་ལྔའི་དུས་བཀག་བཙོན་འཇུག་བྱས་རྗེས་སྤྱི་ལོ་༢༠༢༡་ལོའི་ཟླ་དང་པོའི་ཚེས་༢༧་ཉིན་གློད་བཀྲོལ་བཏང་ཡོད་པ་རེད།
གསར་འགོད་པ། གུ་རུ་ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།