བཀྲིས་དབང་ཕྱུག་ལགས་ལ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ།


2018.05.22
རྒྱ་གཞུང་གིས་བཀྲིས་དབང་ཕྱུག་ལགས་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲིས་དབང་ཕྱུག་ལགས།
བཀྲིས་དབང་ཕྱུག།

བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

ཕྱི་ཟླ་༥པའི་ཆེས་༢༢ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དང་།   བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ Liang Xiaojun ལགས་ཀྱིས་དེ་རིང་ཁྲིམས་བཤེར་སྐབས་བཀྲིས་དབང་ཕྱུག་ལགས་ལ་གཡོགས་པའི་ནག་ཉེས་གཙོ་བོ་ནི།  ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་དང་ལེན་གནང་སྟེ་བོད་ནང་སྐད་ཡིག་སློབ་གསོའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་བའི་གནས་ཚུལ་དེ་ཆགས་ཡོད་པ་གསུངས་འདུག  གནས་ཚུལ་དེ་ཐོས་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སེམས་འཚབ་ཆེན་པོ་གནང་བ་དང་སྦྲགས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉིན་མོ་འདི་ནི།  ཁྲིམས་ལུགས་དབང་འཛིན་ལ་བརྩི་བཀུར་དང་།  ཡིད་ཆེད་ཞུ་མཁན་རྣམས་ལ་ཧ་ཅང་བློ་ཕམ་གྱི་ཉིན་མོ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོགས་བྱས་པ་འདི་ནི་ དྲང་བདེན་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་རེད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་ བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་ བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་མེད་པ་གསལ་པོར་མཚོན་ཡོད། བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་གྲོལ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་། མང་གཙོ་འཕེལ་རྒྱས་ཁང་།  ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུགས་ལགས་ལ་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་གྱི་ཉེས་བཙུགས་བྱས་པ་དེ་ནི། མ་ཉེས་ཁ་གཡོགས་གི་སྐྱོན་འཛུགས་ཞིག་ཡིན་སྟབས་བཙོན་འཇུག་ཁྲིམས་བཅད་ལ་ངོས་ལེན་བྱ་ཐབས་མེད་པའི་སྐོར་སྐྱོན་བརྗོད་དྲག་པོ་བྱ་བཞིན་འདུག  རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་Joshua Rosenweig ལགས་ཀྱིས་དེ་རིང་བཀྲིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་དེ་ནི།  དྲང་བདེན་མིན་པའི་ཁྲིམས་བཅད་ཞིག་རེད། བཀྲིས་དབང་ཕྱུག་ལགས་ཀྱིས་ རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་གནས་སྟངས་གསལ་འདོན་བྱས་སྟབས།  ཁོང་ལ་ཉེས་ཆད་བཀེལ་བ་རེད།  ཁོང་གི་ཞི་བའི་ཐོག་ནས་སྐད་ཡིག་སློབ་གསོའི་ལས་འགུལ་སྤེལ་བ་དེ་རྒྱལ་ཁབ་ཁ་བྲལ་བཏང་བར་ངོས་འཛིན་བྱས་པ་ནི་རྒྱུ་མཚན་གནས་ལུགས་དང་མི་མཐུན་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག  ཡང Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ནག་ཉེས་ནི། རྒྱ་ནག་གི་བཅའ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ནང་སྐད་ཡིག་སྲུང་སྐྱོབ་དང་།  ཐོབ་ཐང་རྩོད་ལེན་གནང་པ་རེད། དེར་བརྟེན་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་དྲང་བདེན་དང་ཡོངས་སུ་འགལ་བའི་ཁྲིམས་བཅད་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལོ་ལྔའི་བཙོན་དུས་ཀྱི་དུས་ཡུན་དེ།  དེ་སྔ་ཁོང་ཐོག་མར་འཛིན་བཟུང་བྱས་པ་ནས་རྩིས་སྟེ་ ༢༠༢༡ ལོར་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་ཁོང་གི་ཁྲིམས་རྩོད་པས་New York དུས་བབ་ཀྱི་གསར་འགོད་པ་Chris Buckley ལགས་ལ་གསུངས་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ ༢༠༡༥ ་ལོར་ནེའུ་ཡོག་དུས་བབ་ཀྱི་པེ་ཅིང་གི་གསར་འགོད་པའི་བརྙན་འཕྲིན་བཅར་འདྲི་བྱས་པའི་ནང་། བོད་ཀྱི་སྐད་ཡིག་སློབ་གསོའི་གནས་སྟངས་ཧ་ཅང་ཞན་པོ་དང་། དེ་དག་སྲུང་སྐྱོབ་བྱ་གལ་ཆེ་བའི་དགོངས་ཚུལ་ཤུགས་ཆེ་གསུངས་པའི་རྗེས་ ༢༠༡༦ ཟླ  ༡ ཚེས ༢༧ ཉིན་ ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལྟ་བར་ལོ་ངོ་གཉིས་ལྷག་སོང་བའི་རྗེས་ནས་དེ་རིང་ཕྱི་ཟླ་༥པའི་ཆེས་༢༢ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎