བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སྐོར།
2010.03.23
༄༅༎བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དབུ་ཞུགས་ཐོག་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཅིག་པ་དེ་དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༢༣ཉིན་དབུ་འཛུགས་གནང་ཞིང་ ཕྱི་ཟླ་༣ཚེས་༢༥བར་ལྷན་ཚོགས་གནང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
ཐེངས་འདིའི་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་འདི་བཞིན་ཉེ་ཆར་མཇུག་བསྒྲིལ་བའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤པའི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་སྤྱི་མོས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་སེལ་རྒྱུར་གཉིས་སྨན་དབུ་མའི་ལམ་དེར་སླར་ཡང་རྒྱབ་སྐྱོར་ཞུ་རྒྱུའི་གྲོས་ཆོད་བཞག་པའི་རྗེས་སུ་ཚོགས་པ་ཞིག་ཡིན་པ་རེད།
ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་གཙོས་ཚོགས་མི་མང་ཆེ་བ་ཆེད་ཕེབས་གནང་ཡོད་འདུག།
བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་འདི་ཐོག་མར་ཕྱི་ལོ་༡༩༩༩ལོར་བཀའ་ཤག་གིས་འཛིན་སྐྱོང་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་དེ་བོད་རྒྱ་ཕྱོགས་གཉིས་ཀྱི་དབར་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་གསར་བཙུགས་གནང་པ་ཞིག་ཡིན་པ་དང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་མཐའ་མ་དེ་འདི་ལོ་ཕྱི་ཟླ་དང་པོའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དབར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་མ་གནང་གོང་ཙམ་དེར་ཚོགས་ཡོད་པ་རེད།