རོང་རྒྱས་ཨ་གྲགས་བཙོན་གྲོལ་བྱུང་ཡང་སྨན་བཅོས་བྱེད་དགོས།
2015.08.02

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས། རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་ཡུན་ལོ་ ༨ གཙང་སྟེ་ཁ་སང་དགོང་མོ་གློད་གྲོལ་རྗེས་ཁོང་ལ་སྨན་ཁང་ནང་སྨན་བཅོས་ཐོབ་ཐང་དང་མཐུན་འགྱུར་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག བོད་མི་ཆབ་སྲིད་བཙོན་པ་རོང་རྒྱས་ཨ་གྲགས་ལགས་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་སྟེ། མདང་དགོང་ཆུ་ཚོད་དང་པོའི་ཐོག་གློ་བུར་ངང་རང་ཁྱིམ་དུ་བསྐྱལ་ཡོད་འདུག རྒྱ་གཞུང་གིས་བརྒྱུད་ལམ་དང་ས་གནས་སུ་དམ་བསྒྲགས་ཤུགས་ཆེན་བྱེད་བཞི་ཡོད་སྟབས་ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་བཅད་གཙང་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་བར་བསྟི་གནས་ཁང་གིས་དགའ་འགུ་ཡི་རངས་བྱེད་བཞིན་ཡོད། དེ་སྔོན་བཙོན་འཇུག་སྐབས་ཁོང་ལ་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། མིག་ཡ་གཅིག་གིས་མ་མཐོང་བ་དང་རྣ་ཡ་གཅིག་གིས་ཐོས་མ་ཐུབ་པའི་གནས་སྟགས་བྱུང་ཡོད་པ་རེད། ད་ལྟའི་ཆར་ཁོང་གི་བཙོན་འཇུག་དུས་ཡུན་གཙང་ནས་གློད་གྲོལ་ཐོབ་ཡོད་སྟབས་ཁོང་འགྲོ་འདུག་ཐད་བཟང་བཙོན་ལྟ་བུར་མུ་མཐུད་བཀག་སྡོམ་མི་བྱས་པར་ཁོང་ལ་སྨན་ཁང་ནང་སྨན་བཅོས་བྱེད་པའི་ཐོབ་ཐང་དང་མཐུན་འགྱུར་སྦྱོར་དགོས་པའི་འབོད་སྐུལ་གནང་འདུག
རོང་རྒྱས་ཨ་གྲགས་ལགས་ནི་ལི་ཐང་ནས་ཡིན་པ་དང་། ཁོས་སྤྱི་ལོ་༢༠༠༧ ཟླ་༨ ཚེས་ ༡ ཉིན་རྒྱ་ནག་གི་མགོ་ཁྲིད་དང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་པའི་ལི་ཐང་རྟ་རྒྱུགས་ཆེན་མོའི་མཛད་སྒོའི་སྟེང་། ༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་ལ། ཁོང་མགྱོགས་མྱུར་ཏུ་བོད་ལ་གདན་འདྲེན་ཞུ་དགོས་པ། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་ཀློད་གྲོལ་གཏོང་དགོས་པ་དང་། དེ་བཞིན་རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་རང་དབང་མེད་པའི་དངོས་ཡོད་གནས་སྟངས་སྐོར་གྱི་གཏམ་བཤད་སྤེལ་ཡོད་སྟབས། རྒྱ་གཞུང་གི་ཉེན་རྟོག་པས་དེ་མ་ཐག་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། ལོ་དེའི་ཟླ་ ༡༡ པའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག ཁོང་ལ་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།