རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཡོང་བའི་འབོད་སྐུལ།

རྒྱ་ནག་གཞུང་གིས་བོད་ཀྱི་རྔ་པ་ཁུལ་དུ་དྲག་གནོན་བྱེད་མུས་ལ་བརྟེན་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ནས་རོགས་སྐྱོར་འབོད་སྐུལ།

2011.05.03

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྔ་པ་ཁུལ་དུ་དྲག་གནོན་བྱེད་མུས་ལ་བརྟེན་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ནས་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

སྤྱི་འཐུས་ལྷན་ཁང་གིས་རྔ་པ་ཁུལ་གྱི་ཛ་དྲག་གནས་སྟངས་ལ་རོགས་སྐྱོར་གྱི་འབོད་སྐུལ་གནང་བར་ཕེབས་མཁན་སྐུ་ཚབ་དུ་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་དང༌། བསོད་ནམས་བསྟན་འཕེལ་ལགས། ཚེ་རིང་གཡུ་སྒྲོན་ལགས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཏེ། ཁོང་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་ཁག་གི་གཞུང་ཚབ་པ་མང་པོ་ཞིག་དང་མཇལ་འཕྲད་ཞུས་ཏེ། བོད་ཀྱི་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་རྔ་པ་ཁུལ་གྱི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པ་རེད། ལྷག་པར་དུ་ཁོང་རྣམས་ཀྱི་འབོད་སྐུལ་ཕྱག་བྲིས་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྔ་པ་ཁུལ་དང་དེ་བཞིན་བོད་ཀྱི་ས་ཁུལ་ནང་དུ་རང་དབང་ཅན་གྱི་གསར་འགོད་པ་འགྲོ་བསྐྱོད་བྱེད་དུ་བཅུག་རྒྱུར་རྒྱབ་སྐྱོར་ཡོང་བ་དང༌། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་རྣམས་འཕྲལ་དུ་གློད་འགྲོལ་ཡོང་ཐབས་དང༌། དགོན་པའི་བྱེད་སྒོ་ཁག་སྔར་བཞིན་བསྐྱར་གསོ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཡོད་པའི་བློ་འཚབ་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཏེ། སྡེ་དགེ་འཇོ་མདའ་ཁུལ་དུ་བོད་མི་བུ་ལུག་ལགས་ཞུ་བ་འཛིན་བཟུང་བྱས་པ་དང༌། ཉེས་རྡུང་དང་མནར་གཅོད་འོག་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༢༥ ཉིན་འདས་གྲོངས་སུ་གྱུར་བ་དང༌། དེ་བཞིན་ཨ་མདོ་བླ་བྲང་ནས་ཡིན་པའི་སྐུ་ཞབས་འཇམ་དབྱངས་སྦྱིན་པ་ལགས་ཉེས་རྡུང་དང་མནར་གཅོད་འོག་ཕྱི་ཟླ་གསུམ་པའི་ནང་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་ར་སྤྲོད་ཐུབ་པའི་དཔེ་མཚོན་འགའ་ཤས་ཤིག་ཡིན་པ་དང༌། དམིགས་བསལ་བློ་འཚབ་ཆེ་ཤོས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་འགྲོ་འོང་རང་དབང་མེད་པ་བཟོས་ཏེ་དགོན་པའི་ནང་དམ་བསྒྲཌ་བྱེད་པ་དེ་ཡིས་ད་ཆ་དགོན་པ་བཙོན་ཁང་ལྟ་བུར་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་བ་དང༌། ཕྱི་རྒྱལ་གཞུང་ཚབ་པ་ཚོས་རྔ་པ་ཁུལ་གྱི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པ་དེར་ཧ་ཅང་གི་བློ་འཚབ་ཡོད་པ་དང༌། ཁོང་ཚོས་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎