ཨ་རི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ།
2011.04.24
༄༅༎བདུན་རྗེས་མའི་རེས་གཟའ་ལྷག་པ་དང་ཕུར་བུ་གཉིས་ལ་ ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་ལོ་འཁོར་གྲོས་མོལ་ལྷན་ཚོགས་དེ་གནང་རྒྱུ་ཡིན་ནའང༌། ད་རེས་ཀྱི་ལྷན་ཚོགས་དེ་རྣམ་ཀུན་ལས་ཛ་དྲག་ཆེ་བ་ཞིག་ཡོང་རྒྱུའི་རྟག་མཚན་ཐོན་བཞིན་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བདུན་རྗེས་མ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་གནང་རྒྱུའི་གསལ་བསྒྲགས་ཤིག་གནང་ཡོད་པ་རེད། ཕྱི་འབྲེལ་འགྲོ་བཏང་ནས་བྱས་ན་གསལ་བསྒྲགས་དེ་རྒྱ་ནག་གིས་བྱེད་དགོས་ཀྱི་ཡོད་ནའང༌། གྲོས་མོལ་གནང་རྒྱུའི་ཉིན་འགའ་གོང་ཨ་རིས་གསལ་བསྒྲགས་དེ་གནང་ཡོད་པ་རེད།
ནིའུ་ཡོག་དུས་བབ་New York Timesགསར་ལས་ཁང་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ལ་ལྷན་ཚོགས་དེའི་སྐོར་ཁ་པར་ཐེངས་མང་པོ་བཏང་བའི་རྗེས་གཞི་ནས་རྒྱ་ནག་གཞུང་གིས་རེས་གཟའ་པ་སངས་ཉིན་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེ་ཚུགས་བརྟན་འཁེལ་བའི་ལན་བྱས་ཡོད་ནའང༌། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ལྷན་ཚོགས་སྐབས་གནད་དོན་ག་རེ་གྲོས་མོལ་བྱ་མིན་སྐོར་འཆར་གཞི་དང་གྲ་སྒྲིག་བྱ་རྒྱུ་སྡད་ཡོད་སྐོར་བརྗོད་འདུག ཨ་རིའི་གསལ་བསྒྲགས་དེའི་ནང༌། ཉེ་བའི་ཆར་རྒྱ་ནག་ནང་ཁྲིམས་རྩོད་པ་དང༌། རྩོམ་པ་པོ། ཤེས་ལྡན་མི་སྣ་དང་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཚད། མི་སྣ་མང་པོ་ཞིག་བཙན་བཤེད་ཀྱི་སྒོ་ནས་འཛིན་བཟུང་དང་འབྲེལ་གར་ཡོད་རྩད་གཅོད་མ་ཐུབ་པ་བཟོ་བཞིན་ཡོད་པའི་སྐོར་ཨ་རིས་རྒྱ་ནག་མཉམ་གྲོས་མོལ་གཙོ་བོ་གནང་རྒྱུ་ཡིན་སྐོར་གསལ་བཏོན་གནང་ཡོད་པ་དེ་ནི། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་གི་ཡོད་པར་ཨ་རིའི་ངོས་ནས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་གསལ་པོ་ཆགས་ཡོད་པ་རེད།།