སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་འགྲོལ་ཡོང་བའི་ལས་འགུལ།
2012.04.08
༄༅༎༢༠༠༤ ལོའི་ཕྱི་ཟླ་གསུམ་པའི་ཚེས་༧ ཉིན་མོར་རྒྱ་ནག་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཉེས་མེད་ཉེས་བཙུགས་བྱས་ཏེ་བཙོན་འཇུག་བྱས་ནས་མི་ལོ་༡༠ འཁོར་བའི་དུས་ཚིགས་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པས་རིན་པོ་ཆེ་གློད་འགྲོལ་ཡོང་བའི་རྒྱ་ནག་གཞུང་ལ་སྤྲོད་རྒྱུའི་སྙན་ཞུའི་ཐོག་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དུས་གཅིག་ལ་སྤེལ་ཡོད་པ་རེད།
བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་གི་སྤུན་མཆེད་བློ་བཟང་དོན་གྲུབ་ལགས་གཉིས་ལ། རྒྱ་ནག་གཞུང་གིས་༢༠༠༤ ལོའི་ཕྱི་ཟླ་བཞིའི་ནང་འབར་རྫས་དང་འབྲེལ་བའི་ཆབ་སྲིད་ནག་ཉེས་བཙུགས་ཏེ་བློ་བཟང་དོན་གྲུབ་ལགས་སྲོག་ཐོག་བཏང་བ་དང༌། བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་ཀྱི་དུས་ཚོད་ནང་སྲོག་ཐོག་གཏང་རྒྱུའི་ཐག་གཅོད་བྱས་པའི་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ཆད་དེར་ངོ་རྒོལ་བྱས་པར་བརྟེན་ནས་ཚེ་བཙོན་དུ་བསྒྱུར་ཡོད་པ་དང༌། ད་ཆ་ཁོང་གི་སྐུ་གཟུགས་གནས་སྟངས་ནི། ཁྲག་ཤེད་མཐོ་བ་དང༌། སྙིང་གི་ན་ཚ་སོགས་དཀའ་ངལ་ཆེན་པོར་གྱུར་ཡོད་ཀྱང་སྨན་བཅོས་རྩ་བ་ནས་བྱེད་དུ་བཅུག་གི་མེད་པ་རེད། ཕྱི་ཟླ་བཞི་པའི་ཚེས་༧ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས། བཞུགས་སྒར་རྡ་རམ་ས་ལ་དང༌། རྒྱ་གར་གྱི་རྒྱལ་ས་ལྡི་ལི། སྦེང་ལཱོར། སྦོམ་སྦེ་ སོགས་གྲོང་ཁྱེར་ཆེ་ཁག་དང༌། ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང༌། དབྱིན་ཡུལ་སོགས་བྱང་ཨ་རིའི་ཡུལ་གྲུ་དང༌། ཡོ་རོབ་ཡུལ་གྲུའི་ནང་དུ་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། ད་ལྟའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་དོན་ལྷན་ཚོགས་ཀྱི་དྲུང་ཆེ་ཀྲུའུ་ཡུང་ཁང་དེ་སྔོན་ཟི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་པའི་སྐབས། རིན་པོ་ཆེར་ཉེས་མེད་ཉེས་བཙུགས་ཀྱི་ཆབ་སྲིད་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་པར་སོང་ཀུའུ་ཡུང་ཁང་ལ་ཡི་གེ་དེ་ཆེད་དུ་བཏང་སྟེ། ད་ལྟ་བར་རིན་པོ་ཆེ་མི་ལོ་བཅུའི་རིང་བཙོན་དུ་སྡུག་སྦྱོང་མནར་གཅོད་མྱོངས་དགོས་པའི་འགན་ཁག་ཀྲུའུ་ཡུང་ཁང་ལ་ཡོད་པས་རིན་པོ་ཆེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་གཏོང་དགོས་པ་དང༌། གློད་འགྲོལ་མ་བཏང་བར་དུ་བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་ནན་བརྗོད་བྱས་ཡོད་པ་རེད། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་འགྲོལ་ཡོང་ཐབས་ལ་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ནི་དེ་སྔོན་ནས་གནང་བཞིན་ཡོད་པ་དང༌། དྲ་རྒྱའི་ཐོག་ནས་ས་ཡིག་བསྡུ་རུབ་བྱས་ནས་ད་བར་ཁྲི་ལྔ་ཙམ་ཟིན་ཡོད་པ་རེད།།