༧གོང་ས་མཆོག་ནིའུ་ཛེ་ལེནཌ་ལ་ཆིབས་བསྒྱུར།
2011.06.07
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༦ ཚེས་ ༧ ཉིན་ ནིའུ་ཛེ་ལེནཌ་གྱི་གྲོང་ཁྱེར་ཀ་རའེ་སི་ཆརྖ་(Christchurch)རུ་ཞབས་སོར་འཁོད་གནང་མཛད་ཡོད་ཅིང༌། འདི་ལོ་ཕྱི་ཟླ་ ༢ པའི་ནང་ས་ཁུལ་དེར་ས་ཡོམ གྱི་གོད་ཆགས་ཚབས་ཆེ་ཕོག་ཏེ་་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང༌། ས་གནས་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དེར་ངང་སྒུག་ཆེན་པོ་ཞུས་ཡོད་འདུག།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ས་གནས་མི་དམངས་ཀྱི་ངོས་ནས་གོད་ཆགས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་དེ་ནས་གོམ་པ་མདུན་སྤོས་ཀྱིས་འཛུགས་བསྐྲུན་སླར་གསོའི་ལས་དོན་ཐད་ཚང་མས་འབད་སྤུངས་ལྷོད་མེད་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
གནམ་ཐང་དུ་ཕེབས་བསུར་བཅར་བའི་ཀ་རའེ་སི་ཆརྖ་གྲོང་ཁྱེར་གྱི་ཡུལ་མི་ཨི་ལེན་ཌོབ་སེན་ཞུ་བ་ཞིག་གིས་ ནིའུ་ཛེ་ལེན་ ཧེ་རལཌ་ ཅེས་པའི་ཉིན་རེའི་གསར་ཤོག་གི་གསར་འགོད་པར་ ༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་སྐབས་དམིགས་བསལ་གྱི་སེམས་ཚོར་ཞིག་ཡོང་གི་འདུག། ཁོང་ནི་ཁྱད་དུ་འཕགས་པ་ཞིག་ཡིན་སྟབས་ ཁོང་ང་ཚོའི་ས་གནས་འདིར་ཕེབས་པ་དེས་ སྡུག་བསྔལ་ཆེན་པོ་མྱོང་བཞིན་པའི་ཡུལ་མི་ཚོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེར་དེ་སྔོན་ཡང་ཆིབས་བསྒྱུར་བསྐྱངས་གནང་ཡོད་ལ་ སང་ཉིན་ཕྱི་ཟླ་ ༦ ཚེས་ ༨ ཉིན་ཀ་རའེ་སི་ཆརྖ་གྲོང་ཁྱེར་དེའི་ནང་གི་སི་སྦི་ཨེསི་རྩེད་ཐང་ཆེན་མོ་དེའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང༌། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨའོསི་ཊརེ་ལི་ཡར་ཆིབས་བསྒྱུར་གྱིས་ཉིན་གྲངས་བཅུའི་རླབས་ཆེན་གྱི་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།