ཞི་བའི་ཐོག་ནས་ཤིན་ཅང་གི་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར།
2009.09.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་གུར་འཛམ་གླིང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་རེ་སྦི་ཡ་ཀ་རྡིར་ལྷན་དུ་པཱ་རག་ནང་གཟའ་ཕུར་བུའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྦཁ་ལེལྦ་ཧ་ལྦེལ་ཡིས་ཐེབས་རྩ་ཚོགས་པས་གཙོ་སྐྱོངས་གནང་བའི་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་གི་ཐོག་མཉམ་བཞུགས་གནང་བའི་སྐབས་ལྕམ་རེ་སྦི་ཡ་ཀ་རྡིར་ཡིས་ཞི་བའི་ཐབས་ལམ་ཐོག་ནས་ཤིན་ཅང་གི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། ༸གོང་ས་མཆོག་ནས་བཀའ་བསྩལ་བར་ལྕམ་རེ་སྦི་ཡ་ཀ་རྡིར་ནི་ས་གནས་མི་མང་ཁག་ཅིག་དང་མི་འདྲ་བར་ཞི་བའི་ཐབས་ལམ་ཐོག་ནས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་དེར་༸གོང་ས་མཆོག་སྐུ་ཉིད་ལ་བག་ཆགས་གཏིང་ཟབ་བྱུང་གནང་བ་དང་དེ་བཞིན་ཁོང་གིས་ས་གནས་ཡུལ་མི་གཞན་གྱི་བསམ་ཚུལ་དང་མི་འདྲ་བར་ཤིན་ཅང་རང་བཙན་ལ་རྩོད་ལེན་མ་གནང་བར་ཤིན་ཅང་ས་གནས་ནང་དོན་དངོས་དང་མཐུན་པའི་རང་སྐྱོང་གི་ཐོབ་ཐང་སྐྲུན་ཐབས་གནང་གི་ཡོད་པའི་ལམ་ཕྱོགས་དེ་ནི་༸གོང་ས་མཆོག་སྐུ་ཉིད་ཀྱི་དགོངས་པ་དང་ཡོངས་སུ་མཐུན་གྱི་ཡོད་པ་བཀའ་བསྩལ་གནང་མཛད་འདུག རྒྱ་ནག་གཞུང་གིས་༸གོང་ས་མཆོག་ས་ཕྱོགས་གང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་ལྟར་ད་རེས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་དབུ་ཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་ཕེབས་རྒྱུར་ཡང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་ཡིན་ནའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་ནང་ལྕམ་རེ་སྦི་ཡ་ཀ་རྡིར་ད་རེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་ཡས་དེ་ཁོང་སྐུ་སྒེར་འཚམས་གཟིགས་ཡིན་པ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལ་ཁས་ལེན་ཡོད་པར་འགྱུར་ལྡོག་གང་ཡང་མེད་ལུགས་གསལ་བཤད་གནང་ཡོད་པ་རེད།