༸གོང་ས་མཆོག་གིས་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་གནང་བ།
2010.11.07
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་བཞིན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ནི་རྒྱ་ནག་ནང་དམངས་གཙོའི་དར་འཕེལ་ཡོང་ཐབས་ཀྱི་འབད་བརྩོན་གནང་མཁན་ཞིག་ཡིན་པའི་རྒྱབ་སྐྱོར་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་ནང་དབུ་བཙུགས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱི་མཛད་འཆར་གྲུབ་པའི་རྗེས། ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་ཕྱི་ཚེས་༡༢ནས་༡༤བར་ཉིན་གསུམ་རིང་ཚོགས་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་བར་ཕྱི་ཚེས་༦ཉིན་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་ཅིང༌། དེ་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ཕྱི་ཕྱོགས་སུ་ཡོད་པའི་ན་རི་ཊ་གནམ་ཐང་གི་ཉེ་ཁྲིད་དུ་གསར་འགོད་འདུ་འཛོམས་སར། འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་ནི། རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་ཞིག་མ་ཡིན་པར་ཁོང་གིས་རྒྱ་ནག་ནང་ཕྱི་གསལ་ནང་གསལ་ཆེ་ཙམ་དང་འགན་འཁུར་ཆེ་ཙམ་ཡོང་ཐབས་ཀྱི་འབད་བརྩོན་བྱས་ཡོད་ཅེས་བཀའ་གནང་ཡོད་པ་རེད། ད་དུང་༧གོང་ས་མཆོག་གིས་གསར་འགོད་པར། དུས་ཚོད་སྔ་ཕྱི་མ་གཏོགས་རྒྱ་ནག་ནང་ངེས་པར་དུ་སྒོ་མོ་ཕྱེ་དགོས་ཀྱི་རེད་ལ་དེ་ནི་ཐབས་ལམ་གཅིག་པོ་ཁོ་ན་ཡིན་པ་དང༌། རྒྱ་ནག་ནི་མི་འབོར་མང་བའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་ཐོག་ནས་ནུས་སྟོབས་ཆེན་པོར་གྱུར་ཡོད་པར་བརྟེན་ནས་ངེས་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཡིད་ཆེས་རྙེད་ཐུབ་པ་ཞིག་རྒྱ་ནག་གཞུང་གིས་བཟོ་དགོས་ཀྱི་རེད་ཅེས་དང༌། དམིགས་བསལ་བློ་འཚབ་སྐྱེས་གཞིའི་གནད་དོན་གཅིག་ནི། བོད་ནང་གི་གནས་སྟངས་ཡིན་དེ་ཡིན་ཞིང༌། གང་ལྟར་རྒྱ་ནག་གཞུང་གིས་བོད་ནང་ད་དུང་ཡང་རིག་གཞུང་རྩ་མེད་ཀྱི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།།