༸གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཆིབས་བསྒྱུར།

༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་ཕྱིར་དེ་རིང་༸གོང་ས་མཆོག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་གནང་བ།

2010.02.17

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རྣམ་གཉིས་དབར་ཡུན་རིང་གོང་ནས་འཆར་འགོད་གནང་བའི་མཇལ་འཕྲད་དེ་གནང་ཕྱིར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།

ཨ་རིའི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུས་གནང་ཡག་དེ་རྒྱ་ནག་གིས་བོད་ཐོག་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ལ་རྒྱལ་སྤྱི་ནས་ཐུགས་སྣང་མུ་མཐུད་ཡོང་རྒྱུར་དགོས་ངེས་ཅན་ཞིག་ཆགས་ཡོད་པ་རེད།

སྲིད་འཛིན་ཨོ་སྦ་མ་མཆོག་གི་གཞུང་སྲིད་འཛིན་སྐྱོང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ལ་ངོས་འཛིན་ཞུས་པའི་ཐོག་ནས་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསུངས་ཏེ། སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ནུབ་ངོས་ཚོགས་ཁང་ནང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག།

རྒྱ་གར་ནས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་མ་གནང་གོང་ ༸གོང་ས་མཆོག་གི་ཆིབས་ཞབས་ལ་བཅར་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་ཕ་རེན་སི་གསར་ལས་ཁང་ལ། དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་གནང་གི་ཡོད་པ་དེ་ནི་གནད་དོན་གལ་ཆེ་ཞིག་ཡིན་པ་དང༌། ཨ་རིའི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་གནང་ཡག་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་

བོད་དོན་ཐོག་དོ་སྣང་གནང་གི་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་མཚོན་ཐུབ་རྒྱུ་ཡིན་པ་མ་ཟད། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་ངོས་ནས་འཁུར་མཉམ་ལེན་བྱེད་དགོས་པའི་བརྡ་ལན་ཤུགས་ཆེ་ཞིག་ཀྱང་གནང་ཐུབ་རྒྱུ་ཡིན་སྐོར་གསུངས་བཞག།

ཁ་ས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ནས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག། ཨ་རིའི་སྲིད་འཛིན་དང་༸གོང་ས་མཆོག་རྣམ་གཉིས་དབར་ནང་མོལ་མཇལ་འཕྲད་གནང་རྒྱུ་ཡིན་པ་ལས། མཇལ་འཕྲད་གྲུབ་མཚམས་ཟུང་འབྲེལ་གསར་འགོད་གསལ་བསྒྲགས་གནང་རྒྱུའི་མཛད་འཆར་རིགས་ཕལ་ཆེར་མེད་པའི་སྐོར་གསུངས་ཏེ། དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་དེ་ཕྱིར་བསྒྲགས་མ་གནང་བ་ཡིན་ནའང༌།  བོད་དོན་ལ་རྒྱབ་སྐྱོར་དང༌། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཕྱོགས་ཐད་ཨ་མི་རི་ཀས་འགན་འཁུར་བཞེས་ཀྱི་ཡོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུར་དགེ་མཚན་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎