༸གོང་ས་མཆོག་ནས་ནིའུ་ཡོག་ཏུ་མང་ཚོགས་ལ་གསུང་བཤད།
2009.05.04
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་མང་ཚོགས་འདུ་འཛོམས་ཤིག་གི་ཐོག་བཀའ་སློབ་གསུང་བཤད་གནང་བའི་སྐབས་ཨ་རིའི་མི་མང་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་བལྟ་ཞིབ་ཆེད་བོད་ནང་བསྐྱོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སྦོ་སི་ཊོན་གྲོང་ཁྱེར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་ཏེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་ཁ་ས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་སྙན་གྲགས་ཅན་གྱི་མཱེན་ཧེ་ཊེན་ཁུལ་དུ་མང་ཚོགས་ཆིག་སྟོང་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་དཀའ་རྙོག་ཡོད་པ་ག་དུས་ཡིན་ནའི་ཁས་ལེན་བྱེད་ཀྱི་མེད་པ་དང་དེར་བརྟེན་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་དངོས་ཡོད་དཀའ་ངལ་ཡོད་པའི་གནས་སྟངས་དེ་འཛམ་གླིང་ནང་བཏོན་རྒྱུའི་འགན་ལེན་གནང་དགོས་པའི་དུས་ལ་བབ་ཡོད་པ་བཀའ་གནང་ཡོད་ཅིང་གལ་སྲིད་རྒྱ་ནག་གཞུང་གིས་གསུངས་པ་བཞིན་བོད་ནང་གི་བོད་མི་མང་ཆེ་བ་དགའ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཚེ་ང་ཚོས་ཤེས་རྟོག་བྱུང་བའི་གནས་ཚུལ་དེ་དག་ནོར་འཁྲུལ་ཡིན་པས་ང་ཚོས་རྒྱ་ནག་གཞུང་ལ་དགོང་སེལ་ཞུ་དགོས་ཀྱི་རེད། དེར་བརྟེན་ཨ་རིའི་མང་ཚོགས་ཚོས་བོད་ནང་ཕེབས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་འཛམ་གླིང་ཡུལ་གྲུར་བཏོན་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་པས་ངེས་པར་དུ་བོད་ནང་ཕེབས་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག དེ་མིན་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཟུར་པ་ལྕམ་མཱེ་རི་རོ་སྦིན་སེན་མཆོག་དང་ལྷན་དུ་བགྲོ་གླེང་གནང་ཡོད་པ་རེད།