རྔ་པ་ཀིརྟི་དགོན་པའི་ཆེད་མཆོད་འབུལ།

༧གོང་ས་མཆོག་དབུ་ཞུགས་ཐོག་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་ཆེད་མཆོད་འབུལ་ཐུགས་སྨོན་གསོལ་འདེབས་རྒྱ་ཆེ་ཞིག་གནང་འདུག

2011.04.26

༄༅༎དེ་རིང་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཛ་དྲག་དང་དཀའ་སྡུག་ཆེ་ཆེར་འོག་གནས་བཞིན་པའི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་ཆེད་མཆོད་འབུལ་ཐུགས་སྨོན་གསོལ་འདེབས་རྒྱ་ཆེ་ཞིག་གནང་འདུག།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་འདིའི་སྐོར་གནས་ཚུལ་སྤེལ་བ་ཞིག་གི་ནང་ ད་རེས་ཀྱི་མཆོད་འབུལ་གསོལ་འདེབས་དེ་ནི་ ཕྱི་ལོ་ ༢༠༠༨ ལོར་བོད་ཁྱོན་ཡོངས་ཀྱི་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་ཏེ་ལོ་གསུམ་འཁོར་བའི་དུས་དྲན་དང་ དེ་བཞིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་སྲོག་དོར་མཁན་ཕུན་ཚོགས་ལགས་ཀྱི་ཞེ་དགུའི་དུས་ཚིགས་སྔ་བསྣུར་གྱི་སྲུང་བརྩི་ཞུ་རྒྱུས་གཙོས་ བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་གཤེགས་ཕོ་མོ་ཡོངས་དང་ ད་ལྟ་རྒྱ་མིའི་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ཀྱི་ཆེད་དམིགས་པ་ཞིག་ཡིན་པ་བཀོད་འདུག།

ཐེངས་འདིའི་མཆོད་འབུལ་འདི་བཞུགས་སྒར་རྡ་རམ་ས་ལའི་ཁུལ་གནས་རྔ་པ་མི་དམངས་ཡོངས་དང་ དེ་བཞིན་ཚོགས་པ་སྐྱིད་སྡུག་ཐོུང་ནས་གོ་བསྒྲིགས་ཞུས་པ་ཞིག་ཡིན་ཞིང་ མཆོད་འབུལ་གསོལ་འདེབས་དེའི་ཐོག་གཞན་ཡང་ ཀིརྟི་རིན་པོ་ཆེ་དང་ རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲུམ་རྟོག་རིན་པོ་ཆེ་ བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དབུས་ བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ དྲུང་ཆེ་ལས་བྱེད་རྣམ་པ་ བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སོགས་ཁྱོན་བསྡོམས་མི་གྲངས་ ༢༠༠༠ སྐོར་ཚོགས་ཞུགས་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎