༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན།
2011.06.16
༄༅༎ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་པི་ཀྲར་སི་ལི་པར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་སུ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག་༎
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱིི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་ཨོ་སི་ཀྲོ་ལི་ཡ་ཁུལ་དུ་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐྱོངས་གནང་མཛད་བཞིན་པ་དང་ ཁ་ས་ཡུལ་དེའི་རྒྱལ་ས་ཁེན་སྦེ་ར་རུ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པི་ཀྲར་སི་ལི་པར་ཡིས་ཇི་ལྟར་གདན་ཞུས་ལྟར་༸གོང་ས་མཆོག་གྲོས་ཚོགས་སུ་ཞབས་སོར་འཁོད་ཡོད་འདུག ༸གོང་ས་མཆོག་གྲོས་ཚོགས་སུ་ཕེབས་སྐབས་སྐུ་ཞབས་པི་ཀྲར་སི་ལི་པར་མཆོག་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་ དེ་ནས་གྲོས་ཚོགས་ནང་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཀྲོ་ནི་ཨེ་སྦེཏ་དང་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་དབུ་འཁྲིད་ལྦ་རེན་ཀྲ་ར་སེ་ གཞན་ཡང་ལྗང་ཁུ་ཚོགས་པའི་དབུ་འཁྲིད་དང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་ཞུ་མཁན་ གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦོབ་སྦ་རའོན་བཅས་ཀྱི་ལྷན་དུ་མཇལ་འཕྲད་གནང་བ་མ་ཟད་ གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༩༠ཙམ་གྱིས་གོང་ས་མཆོག་མཇལ་འཕྲད་ཞུས་གནང་འདུག གཞན་ཡང་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་སུ་ཞབས་སོར་འཁོད་སྐབས་༧གོང་ས་མཆོག་གྲོས་ཚོགས་ཀྱི་མ་ལག་ལས་ཁུངས་ཁག་ཏུ་གཟིགས་ཞིབ་སྣེ་ལེན་ཞུས་འདུག་ལ་ མ་ཟད་གྲོས་ཚོགས་ཀྱི་ཚོགས་ཁང་ཆེ་བའི་ནང་ཆོས་ལུགས་ཁག་གི་དབུ་འཁྲིད་ལྷན་དང་སྨོན་ལམ་གསོལ་འདེབས་གནང་བ་དང་ རྗེས་སུ་ཚོགས་མི་༣༠༠ལྷག་གི་འདུ་འཛོམས་ཐོག་ ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་རེད་ མཛད་རིམ་དེ་དག་གྲུབ་རྗེས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་པི་ཀྲར་སི་ལི་པར་མཆོག་ནས་༸གོང་ས་མཆོག་གྲོས་ཚོགས་ཀྱི་ཚོགས་ཁང་ཨ་མའི་ནང་གདན་ཞུས་གནང་འདུག་པ་དང་ དེར་གྲོས་ཚོགས་ཀྱི་འཐུས་མི་ཚང་འཛོམས་ཐོག་གྲོས་ཚོགས་ཀྱི་གཙོ་མཆོག་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ལ་ཆེ་བསྟོད་ཀྱི་ངོས་འཛིན་ཞུས་གནང་ཡོད་པ་བཅས་གནས་ཚུལ་ནང་གསལ་འདུག་༎