རང་བཙན་རྩོད་པ་གནང་གི་མེད་པ་སླར་ཡང་ནན་བརྗོད།
2009.11.05
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཁུལ་གསར་འགོད་ལྷན་ཚོགས་ཐོག་རང་བཙན་རྩོད་གནང་གི་མེད་ཅེས་སླར་ཡང་ནན་བརྗོད་གནང་ཡོད་འདུག
འདི་ཚེས་གསུམ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་མཏ་སུ་ཡ་མའི་ནང་ཆིབས་བསྒྱུར་གནང་བའི་སྐབས་གསར་འགོད་ལྷན་ཚོགས་ཤིག་ཐོག་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་པའི་སྐབས་ངོས་ནས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱེད་ཀྱི་ཡོད། འདས་པའི་ལོ་གཅིག་ནང་རྒྱ་རིགས་མཁས་དབང་ཁག་ཅིག་ནས་རྒྱ་ནག་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་ཐོན་བཞིན་ཡོད་པ་དེ་དག་ང་ཚོར་བློ་སྟོབས་སྐྱེས་དགོས་པའི་མངོན་རྟགས་ཤིག་རེད་ཅེས་བཀའ་ལན་གནང་ཡོད་འདུག
ཡང་ཉིན་རྒྱབ་༸གོང་ས་མཆོག་ནས་མང་ཚོགས་ལྔ་སྟོང་ལྷག་ཙམ་གྱི་འདུ་འཛོམས་ཐོག་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་རྒྱུའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བའི་ནང་དོན་ལ་རང་ལ་བྱམས་བརྩེའི་བསམ་བློ་ཡོད་ན་རང་གི་བསམ་བློ་དེ་སྟོབས་ཆེན་པོ་ཞིག་དང་བརྟན་པོ་ཞིག་ཡོང་ཐུབ། དཔེར་ན་རང་གི་ལུས་ནང་ནད་གཞི་སྔོན་འགོག་བྱེད་མཁན་གྱི་གཟུངས་ཤུགས་ཡོད་ན་ལུས་ན་ཚར་གདོང་ལེན་བྱེད་ཀྱི་ཡོད་པ་བཞིན་རང་གི་བསམ་བློ་དེ་བརྟན་པོ་ཞིག་ཡོད་ན་གདེང་སྤོབས་ཆེན་པོའི་ཐོག་ནས་ཉེན་ཁ་དང་དཀའ་ངལ་རྣམས་ལ་ཁ་གཏད་གཅོག་ཐུབ་ཀྱི་རེད། དེ་བཞིན་འཛམ་གླིང་ནང་གི་རྩད་རྙོག་དང་དམག་འཁྲུག་སོགས་ཀྱི་དཀའ་ངལ་རྣམས་གདོང་ལེན་བྱེད་རྒྱུར་ཀུན་ཁྱབ་འགན་འཁུར་གྱི་བསམ་བློ་དང་འཛམ་གླིང་ཁྱོན་ཡོངས་ལ་ང་ཚོ་ཞེས་གཅིག་པ་ཡིན་པའི་སྤྱི་ཡོངས་ཀྱི་ལྟ་ཚུལ་ཞིག་ཡོང་ཐུབ་པ་དགོས། དཔལ་འབྱོར་དང་ཁོར་ཡུག་གང་གི་ཆ་ནས་ཀྱང་ང་ཚོ་ཚང་མ་ཕན་ཚུན་ལྟོས་གྲུབ་ཐོག་གནས་ཡོད་པས་ངའི་དོན་དག ངའི་ཁྱིམ་ཚང་ ངའི་རྒྱལ་ཁབ་ཅེས་རང་དོན་གྱི་བསམ་པ་དེས་རྙོག་དྲ་བཟོ་གི་ཡོད་རེད་ཅེས་བཀའ་བསྩལ་གནང་འདུག