༸གོང་ས་མཆོག་ནས་རྒྱ་ནག་མི་མང་ཚོར་ཡིད་ཆེས་བརྟན་པོ་ཡོད།
2009.01.19
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ལྡི་ལིའི་ནང་མཐོ་རིམ་སློབ་གྲྭ་ཞིག་ཏུ་ཆིབས་བསྒྱུར་གནང་བའི་སྐབས་གསར་འགོད་པ་ཞིག་གིས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པའི་སྐབས་བཀའ་གནང་དོན་ལ་རྩ་བའི་རྒྱ་ནག་གཞུང་ལ་ཡིད་ཆེས་གནང་རྒྱུ་རིམ་པས་བསྲབ་ཏུ་འགྲོ་གི་ཡོད་ཀྱང་རྒྱ་ནག་མི་མང་ཚོར་ཡིད་ཆེས་བརྟན་པོ་ཡོད་ལ་དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་ཙམ་མ་ཡིན་པར་རྒྱ་ནག་ནང་ནས་མང་ཚོགས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་གི་འདུག དེ་འདྲ་སོང་ཙང་རིམ་པས་གནས་ཚུལ་འགྱུར་བ་འགྲོ་བའི་ཐུགས་རེ་གནང་གི་ཡོད་ཅེས་རྒྱ་ནག་མི་མང་ཚོར་༸གོང་ས་མཆོག་གི་ཡིད་ཆེས་ད་ལྟའང་བརླག་གནང་མེད་ལུགས་སླར་ཡང་བཀའ་གནང་ཡོད་འདུག
ཡང་༸གོང་ས་མཆོག་གིས་དེང་སང་རྒྱ་ནག་རྒྱལ་ཁབ་འདི་བཞིན་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་མ་ཡིན་པར་གུང་བྲན་རིང་ལུགས་དང་སྲིད་དབང་གཅིག་སྡུད།མ་རྩའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལུགས་བཀའ་གནང་འདུག
དེ་དང་ཕྱོགས་མཚུངས་མཐོ་རིམ་སློབ་གྲྭའི་སློབ་མ་ཚོར་བཀའ་སློབ་གནང་བའི་ནང་རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་དགེ་རྒན་དང་དགེ་ཕྲུག་ལྟབུ་ཡིན་པ་ལྟར་ཁྱེད་ཚོ་ང་ཚོའི་དགེ་རྒན་རེད་ལ་གལ་སྲིད་དགེ་ཕྲུག་ལ་དཀའ་ངལ་འཕྲད་པ་ཡིན་ན་དགེ་རྒན་གྱི་ངོས་ནས་རོགས་རམ་གནང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག ལྡི་ལིའི་མཛད་འཆར་ཁག་གྲུབ་གནང་བའི་རྗེས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་པོན་དྲ་ཅེ་རི་དང་དེ་ནས་མ་ད་ར་སེ་ཁུལ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད༎