ཇར་མི་ནི་དུ་ཞི་བདེའི་གློག་བརྙན་དུས་སྟོན་ཞིག་ཚོགས།
2011.02.16
༄༅༎ཇར་མ་ནིའི་རྒྱལ་ས་སྦར་ལིན་ནང་ཟླ་བ་འདིའི་ཚེས་༡༤ཉིན་Cinema for Peace GaLaཟེར་བའི་ཞི་བདེའི་གློག་བརྙན་གྱི་དུས་སྟོན་ཞིག་ཚོགས་ཡོད་ཅིང་ གློག་བརྙན་དུས་སྟོན་དེ་གསར་གཏོད་གནང་ནས་ད་ལོ་ལོ་བཅུ་འཁོར་གྱི་ཡོད་པར་བརྟེན་དུས་སྟོན་གོ་སྒྲིག་གནང་མཁན་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གློག་བརྙན་དུས་སྟོན་དེའི་མགོན་སྐྱབས་གནང་ཡོད་པ་མ་ཟད་ དུས་སྟོན་དེར་དམིགས་བསལ་གྱི་བཀའ་ཡིག་ཅིག་ཀྱང་སྩལ་གནང་ཡོད་པ་རེད་ གློག་བརྙན་དུས་སྟོན་དེ་གསར་གཏོད་གནང་མཁན་སྐུ་ཞབས་ཡ་ཀ་སྦི་ཛིལ་ཡིས་གློག་བརྙན་དུས་སྟོན་དེ་གསར་གཏོད་གནང་ཏེ་ལོ་ངོ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་གསུང་བཤད་གནང་བའི་སྐབས་ ངས་འདིར་དེ་རིང་གི་ང་ཚོའི་དུས་སྟོན་འདིའི་མགོན་སྐྱབས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་ གང་ཉིད་དུས་སྟོན་འདིའི་ཐོག་ཆིབས་བསྒྱུར་སྐྱངས་གནང་མེད་ཀྱང་ གང་ཉིད་ཀྱིས་དམིགས་བསལ་བཀའ་ཡིག་ཅིག་སྩལ་གནང་ཡོད་པ་གསུང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེའི་གློག་བརྙན་དུས་སྟོན་དེའི་ཐོག་སྩལ་བའི་བཀའ་ཡིག་དེའི་ནང་ ཞི་བདེའི་གློག་བརྙན་དུས་སྟོན་དེ་གསར་བཙུགས་གནང་བ་ནས་ད་བར་དུས་ཡུན་ལོ་ངོ་བཅུའི་ནང་ གློག་བརྙན་གྱི་བརྒྱུད་ལམ་བེད་སྤྱོད་བྱས་ནས་སྤྱི་ཚོགས་ནང་གི་དཀའ་ངལ་འདྲ་མིན་སྐོར་ལ་གོ་རྟོགས་སྤེལ་ཐུབ་ཡོད་པར་དགའ་བསུ་ཞུས་གནང་ཡོད་པ་དང་འབྲེལ་ གློག་བརྙན་དང་སྒྱུ་རྩལ་ཞེས་པའི་བརྒྱུད་ལམ་ཐོག་ནས་འཛམ་གླིང་འདིའི་ཐོག་གི་ལྟ་ཚུལ་འཛིན་ཕྱོགས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲོད་ཐུབ་ཀྱི་ཡོད་སྟབས་ འཛམ་གླིང་འདིའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུར་འགན་དང་གོ་སྐབས་གཉིས་ཀ་ཡོད་པ་བཀའ་སྩལ་གནང་ཡོད་པ་རེད་ ཞི་བདེའི་གློག་བརྙན་དུས་སྟོན་དེ་གསར་བཙུགས་གནང་དགོས་དོན་ཡང་ཞི་བདེའི་ཐོག་ལ་དམིགས་གསལ་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད་ འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་སྐོར་གྱི་གློག་བརྙན་རིགས་འགྲེམས་སྟོན་ཡོང་རྒྱུར་སྡིངས་ཆ་ཞིག་ཀྱང་སྐྲུན་གྱི་ཡོད་པ་རེད་