བོད་ཀྱི་གནད་དོན་ཐག་གཅོད་ཆེད་གྲོས་མོལ་གྱི་ཐབས་ལམ་ཡིན།
2008.11.11
༄༅༎བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེར་གྲུབ་འབྲས་བྱུང་མེད་སྐོར་རྒྱ་ནག་གིས་གསལ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་མཉམ་གྲོས་མོལ་གནང་ཡག་དེ་བོད་ཀྱི་གནད་དོན་ཐད་ཐག་གཅོད་ཡོང་ཐབས་ཀྱི་ཐབས་ལམ་གཅིག་རང་དེ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཡིད་ཆེས་གནང་གི་ཡོད་སྐོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་དེ་རིང་ཕེརན་སི་གསར་ལས་ཁང་ལ་གསུངས་བཞག
བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩོད་གཞིའི་གནད་དོན་གང་འདྲ་ཞིག་ཡིན་རུང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་ཡིད་ཆེས་གནང་གི་ཡོད་པ་དང་གྲོས་མོལ་རྩ་བ་ནས་མ་བྱས་པར་གྲུབ་འབྲས་ཐོན་ཡག་མེད་པར་བརྟེན་༸གོང་ས་མཆོག་གིས་གྲོས་མོལ་གྱི་ཐབས་ལམ་དེ་བཞིན་གནད་དོན་ཐག་གཅོད་བྱེད་ཐབས་ཐད་ལམ་བཟང་ཤོས་ཞིག་ལ་ངོས་འཛིན་དུས་རྟག་ཏུ་གནང་གི་ཡོད་པའི་སྐོར་སྐུ་སྒེར་ཡིག་ཚང་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་ཕེརན་སི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
བདུན་སྔོན་མ་༸གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དབར་གྲོས་མོལ་གནང་བ་དེར་གྲུབ་འབྲས་བྱུང་མེད་པའི་གསལ་བསྒྲགས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་བྱས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཟླ་བ་སྔོན་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་རྒྱའི་དབར་གྱི་དཀའ་རྙོག་སེལ་ཐབས་ཐད་དྲང་པོ་བྱེད་ཀྱི་མེད་པར་བརྟེན་༸གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་ཐད་ཀྱི་ཡོད་པའི་དགོངས་ཚུལ་བཀའ་གནང་ཡོད་ནའང་གྲོས་མོལ་མཚམས་འཇོག་གནང་རྒྱུའི་དགོངས་ཚུལ་གསུངས་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག