༸གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་ཡུལ་གྱི་མཛད་འཆར་སྐོར།

༸གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ཡུལ་དང་ནིའུ་ཛི་ལེན་ཌི་ནང་ཉིན་བཅུ་གཅིག་རིང་མཛད་འཕྲིན་བསྐྱངས་གནང་རྒྱུ་ཡིན་པ་རེད་།

2009.11.30

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཟླ་བ་ཉིན་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་ཞབས་སོར་འཁོད་ནས་ཡུལ་དེ་དང་ནིའུ་ཛི་ལེན་ཌི་ནང་ཉིན་བཅུ་གཅིག་རིང་མཛད་འཕྲིན་བསྐྱངས་གནང་རྒྱུ་ཡིན་པ་རེད་           ༸གོང་ས་མཆོག་གི་ད་ཐེངས་ཀྱི་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལེན་ཌི་གྱི་ཆིབས་བསྒྱུར་འདིའི་སྐབས་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ་གསུང་བཤད་མཚན་རིག་པའི་ལྷན་དུ་ནང་ཆོས་དང་སེམས་ཁམས་རིག་པའི་ལྷན་ཚོགས་དེ་བཞིན་འཛམ་གླིང་གི་ཆོས་ལུགས་ཀྱི་གྲོས་ཚོགས་སུ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད་ ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གང་ཉིད་ཀྱི་སྐུ་ཚེའི་ནང་གི་དམིགས་ཡུལ་གཙོ་བོ་གཉིས་ནི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་གནང་རྒྱུ་དང་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་མཐུན་ལམ་གོང་འཕེལ་གཏོང་རྒྱུའི་སྐོར་གསུང་ཞིང་ དེ་བཞིན་༸གོང་ས་མཆོག་གིས་གསར་འགོད་པའི་འདྲི་བར་འཛམ་གླིང་གི་འཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འགན་དབང་དང་མི་རབས་རྗེས་མ་རྣམས་ཀྱི་ཆེད་འཁོར་ཡུག་སྲུང་སྐྱོབ་བྱེད་དགོས་སྐོར་དང་བོད་ཀྱི་འཁོར་ཡུག་དེ་ཨེ་ཤི་ཡའི་ནང་མི་གྲངས་འཐེར་འབུམ་གཅིག་ལྷག་གི་བདེ་རྩར་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་འཛམ་གླིང་ཡུལ་ཁག་གི་སྲིད་དོན་གྱི་དཔོན་རིགས་རྣམས་པས་རང་རང་སོ་སོའི་ཡུལ་གྱི་ཁེ་ཕན་གཙོ་བཟུང་བྱེད་པ་ལས་འཛམ་གླིང་གི་ཚ་དྲོད་ཀྱི་དཀའ་སྡུག་དེ་གལ་ཆེ་བར་ངོས་འཛིན་གནང་དགོས་པའི་འབོད་བསྐུལ་གནང་འདུག            གཞན་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་དམངས་གཙོའི་སྤྱི་ཚོགས་ནང་རང་དབང་ལྡན་ཞིང་དྲང་ཚུགས་ལྡན་པའི་གསར་འགོད་ཀྱི་རང་དབང་དགོས་པ་མ་ཟད་གནས་ཚུལ་གང་ཡིན་མཐིལ་ཕྱིན་ཞིབ་དཔྱད་ནས་མང་ཚོགས་མཁྱེན་རྟོགས་ཡོང་བ་བཟོ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག ཡང་གསར་འགོད་པས་༸གོང་ས་མཆོག་བོད་ལ་ཕྱིར་ལོག་གནང་གི་ཡིན་མིན་སྐོར་འདྲི་བ་ཞུ་སྐབས་༸གོང་ས་མཆོག་གིས་གནད་དོན་དེ་རྒྱ་ནག་གཞུང་གི་ལག་པར་ཡོད་སྐོར་དང་གལ་སྲིད་དེ་ལྟར་བྱུང་ཚེ་གང་མགྱོགས་ཕྱིར་ལོག་གནང་རྩིས་ཡོད་སྐོར་བཀའ་ལན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎