རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་གདོང་ལེན་བྱ་རྒྱུར་ཨོ་སི་ཀྲོ་ལི་ཡས་སེམས་ཤུགས་ཀྱི་འདེང་གི་མེད་ལུགས།

2009.12.08

༄༅༎བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་གདོང་ལེན་བྱ་རྒྱུར་ཨོ་སི་ཀྲོ་ལི་ཡ་དང་དེ་མིན་ཡུལ་གྲུས་སེམས་ཤུགས་ཀྱི་འདེང་གི་མེད་པ་གསུངས་འདུག།

བཙན་བྱོལ་བོད་གཞུང་གི་མང་མོས་ཀྱི་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་དང་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དེང་སྐབས་ཨོ་སི་ཀྲོ་ལི་ཡར་འཛམ་གླིང་ཆོས་ལུགས་མཐུན་བསྒྲིལ་གྱི་གྲོས་ཚོགས་ཚོགས་འདུའི་ཐོག་ཆེད་ཕེབས་གནང་ཡོད་ཅིང་ ཁོང་གིས་འཛམ་གླིང་གི་ཡུལ་གྲུ་ཆུང་ངུ་ཚོས་འཇིགས་སྣང་དང་ཡང་ཡུལ་གྲུ་ཆེ་བ་ཚོས་འདོད་རྔམས་ཀྱི་ཐོག་ནས་རྒྱ་ནག་དགའ་པོ་བཟོ་ཐབས་བྱེད་བཞིན་ཡོད་པ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མཱེལ་བོརན་དུ་གསུངས་འདུག།

ད་དུང་ཁོང་གིས་ཡུལ་གྲུ་དེ་དག་ལ་ཁྲོམ་རྭའི་ཡོང་བབས་དེ་གལ་ཆེ་བ་ཡིན་པ་ལས་འགྲོ་བ་མིའི་ཐོབ་ཐབ་དང་མང་གཙོའི་གནད་དོན་དེ་དག་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱི་མེད་པ་རེད་ཅེས་དང་དེར་བརྟེན་འཛམ་གླིང་ཡུལ་གྲུ་ཆེ་ཁག་གི་བྱ་སྤྱོད་ལ་ང་ཚོ་འདོད་བློ་མི་ཁེངས་པ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་རཌ་གྱིས་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐྱོང་རིན་མཇལ་འཕྲད་གནང་རྒྱུ་མིན་ཞིང་ འོན་ཀྱང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མ་ཞུས་པའམ་ཡང་ན་དགའ་བསུ་མ་ཞུས་པར་ང་ཚོས་འཁོན་འཛིན་གང་ཡང་བྱེད་ཀྱི་མེད་ འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་འགྲོ་བ་མི་ཁྱོན་ཡོངས་ཀྱི་བལྟ་ཕྱོགས་ཐད་ང་ཚོར་བློ་ཕམ་ཡོད་ཅེས་གསུངས་འདུག།

དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཛམ་གླིང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བལྟ་ཕྱོགས་ཞན་པོ་འདི་རྒྱ་ནག་གཅིག་པུའི་ཐོག་མིན་པར་ དཔེར་ན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨཕ་རི་ཀ་ཚུད་པའི་ཡུལ་གྲུ་གཞན་ཁག་གི་ནང་ཡང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པའི་བྱ་སྤྱོད་བཀག་འགོག་ཐུབ་ཀྱི་མེད་པ་རེད་གསུངས་པ་དང་སྦྲགས་ ཁོང་གིས་རྒྱ་ནག་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ་ འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་ཤོས་གཏོང་མཁན་ཞིག་ཀྱང་ཡིན་ན་ཡང་ འཛམ་གླིང་སྤྱི་ཚོགས་ལ་རྒྱ་ནག་གི་བྱ་སྤྱོད་དེ་འགོག་པའམ་ ཡང་ན་གནས་སྟངས་འདི་ཡར་རྒྱས་གཏོང་རྒྱུའི་སེམས་ཤུགས་ཀྱི་འདེང་གི་མེད་པ་རེད་ཅེས་གསུངས་འདུག།

ཡང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བོད་མི་ཚོས་ཁ་བྲལ་རྩོད་ཀྱི་མེད་ལ་ བོད་རང་བཙན་སླར་གསོ་འབྱུང་ཐབས་ཡང་བྱེད་ཀྱི་མེད་ ང་ཚོས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་རང་སྐྱོང་གི་ཐོབ་ཐང་ཁག་ལ་རྩོད་ལེན་བྱེད་ཀྱི་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎