ཨ་རིའི་ཚན་རྩལ་ཁང་ཞིག་གིས་བོད་ནང་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་མཚམས་འཇོག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག

2024.01.04
ཨ་རིའི་ཚན་རྩལ་ཁང་ཞིག་གིས་བོད་ནང་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་མཚམས་འཇོག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

འདི་ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་མི་རི་ཀའི་ཐར་མོ་ཧྥི་ཤུར་ཚན་རྩལ་ཁེ་གཉེར་ལས་ཁང་(Thermo Fisher)་གིས་སྤྱི་ལོ་༢༠༢༤ལོ་ནས་བོད་ནང་ཁྲག་ཪིགས་རྒྱུད་རྫས་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་གནང་བ་དེ་ནི་བོད་མིའི་རང་དབང་འཐབ་རྩོད་ཁྲོད་ཀྱི་རྒྱལ་ཁ་ཞིག་ཀྱང་ཡིན་པ་གསུངས་བ་དང་སྦྲགས་དགའ་བསུ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འགྲོ་བ་མིའི་ཁྲག་རིགས་རྒྱུད་རྫས་ཕོན་ཆེན་བསྡུ་ལེན་བྱས་པ་ནི་རྒྱ་ནག་གཞུང་ལ་མཚོན་ན་གནས་ཚུལ་གསར་པ་གང་ཡང་མིན་ཡང་། ཉེ་ལམ་བོད་ནང་དུ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་གཅིག་མ་ཟིན་ཙམ་གྱི་ཁྲག་རིགས་རྒྱུད་རྫས་(DNA)་བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་ཐད་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་ལས་འགུལ་ཚོགས་པ་སོགས་ཀྱིས་བློ་འཚབ་དང་བཅས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། ད་བར་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་ལ་བོད་མིའི་ཁྲག་རིགས་རྒྱུད་རྫས་བརྟག་དཔྱད་ཡོ་ཆས་མཁོ་ཚོང་བྱེད་མཁན་ཨ་རིའི་ཐར་མོ་ཧྥི་ཤུར་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གིས་རྒྱ་ནག་ལ་ཡོ་ཆས་དེ་ཚོང་བསྒྱུར་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པའི་ལས་འགུལ་རིམ་པ་སྤེལ་བ་སོགས་ཀྱི་རྗེས་འབྲས་སུ། ཚན་རྩལ་ཁེ་གཉེར་ལས་ཁང་དེས་སྤྱི་ལོ་༢༠༢༤ལོ་ནས་བོད་ནང་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་དེ་ནི། བོད་མིའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བའི་འབྲས་བུ་ཡིན་པ་གསུངས་ཤིང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་༡༦པའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་གྱི་གནད་དོན་དེ་ནི་ཛ་དྲག་ཤིག་ལ་ངོས་འཛིན་གྱིས་ད་བར་འབྲེལ་ཡོད་འགོ་ཁྲོད་ཚོར་ཞུ་སྐུལ་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
འདས་པའི་ལོ་ངོ་གཅིག་ལྷག་ཙམ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་ཀྱིས། ཨ་རིའི་ཚན་རྩལ་ཁེ་གཉེར་ལས་ཁང་དེར་ངོ་རྒོལ་སྐྱོན་བརྗོད་དང་། ཡོ་ཆས་དེ་ཚོང་བསྒྱུར་མཚམས་འཇོག་དགོས་པའི་མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲིས་དར་རྒྱས་ལགས་ཀྱིས། ཐར་མོ་ཧྥི་ཤུར་ཚན་རྩལ་ཁེང་གཉེར་ཁང་གིས་བོད་ནང་ཁྲག་ཪིགས་རྒྱུད་རྫས་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱ་རྒྱུ་མིན་པའི་གསལ་བསྒྲགས་གནང་བ་དངོས་སུ་ལག་བསྟར་གནང་བའི་རེ་བ་ཡོད་པ་གསུངས་བྱུང་།
ཡང་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་༢༠༢༢ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོའི་ནང་། ༢༠༡༦ནས་༢༠༢༢བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། རྒྱ་ནག་གཞུང་གིས། བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཏེ། མི་གྲངས་འབུམ་༩ནས་ས་ཡ་གཅིག་བར་གྱི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱས་ཡོད་པ་གསལ་སྟོན་བྱས་འདུག་ཅིང་། ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། བོད་མིའི་ཚོགས་སྡེ་ཁག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཐར་མོ་ཧྥི་ཤུར་ཚན་རྩལ་ཁེ་གཉེར་ལས་ཁང་ལ་གནོན་ཤུགས་སྤྲད་དེ་མཐར་མཚམས་བཞག་ཐུབ་པ་དེས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ནང་ཕྱག་ལས་གནང་མཁན་བར་བརྒལ་འགན་འཛིན་(Maya Wang)་ཞུ་བས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེ་ནི་གནས་ཚུལ་བཟང་པོ་ཞིག་རེད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྩིས་མེད་རྡོག་རོལ་བཏང་སྟེ་ཆེས་ཛ་དྲག་ངང་ཡོད་པའི་བོད་དང་ཤིན་ཅང་གཙོ་བོར་གྱུར་བའི་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་རྒྱུར་གནོན་ཤུགས་སྤྲད་པའི་གྲུབ་འབྲས་ཤིག་ཡིན་པ་གསལ་ཡང་། ད་རེས་ཀྱི་ཐག་གཅོད་དེ་ཙམ་གྱིས་འགྲིག་ཐབས་མེད་པར་རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད། ཤིན་ཅང་ནང་དུ་དམ་དྲག་བྱ་རྒྱུའི་ཆེད་དུ། རྒྱ་ནག་ནང་དང་དམིགས་བསལ་བོད་དང་ཤིན་ཅང་ནང་གི་མི་དམངས་ཀྱི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་བརྟེན་ནས། ཨ་མི་རི་ཀའི་(Thermo Fisher)་ཚན་རྩལ་ལས་ཁང་གིས། རྒྱ་ནག་གཞུང་དང་ཚོང་འབྲེལ་མཉམ་ལས་ཀྱི་ལས་དོན་ཕྱོགས་ཡོངས་ཀྱི་ཐོག་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པ་མ་ཟད། ཚན་རྩལ་ལས་ཁང་དེ་ཡིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་(DNA)་ཁྲག་རིགས་རྒྱུད་རྫས་བསྡུ་རུབ་ཆེད་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ཆས་རྒྱ་ནག་གཞུང་ལ་བཙོང་རྒྱུ་ངེས་པར་དུ་མཚམས་འཇོགས་བྱ་དགོས་ཀྱི་རེད་ཅེས་གསུངས་འདུག
གཞན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཐབས་ཇུས་ལས་དོན་ཚོགས་ཆུང་(Select Committee on the Chinese Communist Party)་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གིས་བོད་ནང་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་བྱུང་བ་དེ་བཟང་ཕྱོགས་ཀྱི་འགྱུར་བ་རེད། རིམ་པས་(DNA)་བརྟག་དཔྱད་ཡོ་ཆས་དེ་རྒྱ་ནག་སྤྱི་ཡོངས་ནང་ཚོང་བསྒྱུར་མཚམས་འཇོག་ཡོང་ཐབས་དགོས་རྒྱུ་གལ་ཆེན་ཡིན་པ་ཡིག་ཐོག་བཀའ་ལན་གནང་བྱུང་།
དེ་སྔ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས། བོད་ནང་བྱིས་བ་ལོ་༥སོན་པ་ཚོ་རང་ཉིད་ཀྱི་ཕ་མའི་བཀའ་འཁྲོལ་མེད་པར་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་གནང་གི་ཡོད་པ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་གཅིག་མཚུངས་ཡིན་པ་དེ་སྔོན་གསལ་བསྒྲགས་སྤེལ་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎