རྒྱལ་སྤྱིའི་ཞིབ་འཇུག་ཁང་ནས་རྒྱ་ནག་དམག་དོན་སྐོར་སྙན་ཐོ།
2011.03.08
༄༅༎ཕྱི་ཚེས་༨ཉིན་The International Institute for Strategic Studiesཞེས་འཐབ་བྱུས་དང་འབྲེལ་བའི་སྐོར་ རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གི་དྲག་པོའི་སྒྲིགས་འཛུགས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་འབྲེལ་བའི་ལོ་འཁོར་གྱི་སྙན་ཐོ་བཏོན་གནང་ཡོད་པ་རེད་ སྙན་ཐོ་དེའི་ནང་༢༠༡༠ལོར་རྒྱ་ནག་གཞུང་གིས་བདེ་འཇགས་ཀྱི་དངུལ་རྩིས་དེ་བཞིན་བརྒྱ་ཆ་བདུན་དང་ཕྱེད་ཀའི་འཕར་བསྣོན་བཏང་ཡོད་པ་དེ་རྒྱལ་སྤྱིའི་ཐོག་བདེ་འཇགས་ཀྱི་དངུལ་རྩིས་མཐོ་ཤོས་གྲས་སུ་སླེབས་ཡོད་པ་དང་དེས་རྒྱལ་ཁབ་མང་པོར་བློ་འཚབ་སྐྱེ་གཞི་བཟོས་ཡོད་པ་རེད་
ཡིན་ན་ཡང་རྒྱ་ནག་གཞུང་གིས་དྲག་པོའི་སྒྲིགས་འཛུགས་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུའི་ཆེད་བདེ་འཇགས་ཀྱི་དངུལ་རྩིས་ཕར་ཆ་གཏོང་རྒྱུ་དེ་བཞིན་ཐེ་དབན་དང་དེ་ནས་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོ་ཆེན་མོའི་ཁུལ་དུ་རྩོད་གཞི་ཅན་གྱི་ས་ཁུལ་གྱི་བདག་དབང་སྲུང་སྐྱོབ་ཀྱི་དོན་དུ་དམིགས་བཙུགས་གཙོ་དོན་བྱེད་ཀྱི་ཡོད་པའི་སྐོར་གོང་གསལ་ཉམས་ཞིབ་ལྟེ་གནས་ཁང་གིས་གསལ་འདོན་བྱས་འདུག ལྟ་སྟངས་འདིའི་ཐད་ནས་རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་དེ་བཞིན་ཨེ་ཤི་ཡའི་མངའ་ཁུལ་ནང་གི་སྟོབས་ཤུགས་ཤིག་མཚོན་པ་ཡིན་ལ་༢༠༡༠ལོར་རྒྱ་ནག་གི་དྲག་པོའི་སྒྲིགས་འཛུགས་ཀྱི་དམག་སྦྱོང་རིམ་པ་བྱས་ཡུལ་དང་དམག་དོན་དང་འབྲེལ་བའི་འཛུགས་བསྐྲུན་གྱི་ལས་གཞི་ དེ་བཞིན་དམག་དོན་གྱི་འཕྲུལ་རིགས་མཁོ་གྲུབ་བྱས་པ་རྣམས་མངའ་ཁུལ་དེ་ཚོའི་ནང་ལག་བསྟར་བྱས་པ་ནས་གསལ་པོ་མངོན་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ཡང་གོང་གསལ་ཉམས་ཞིབ་ལྟེ་གནས་ཁང་གིས་གསུངས་ན་ ད་ལྟ་ཕན་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཀྱི་ཁྱབ་ཚད་དེ་ཨེ་ཤི་ཡའི་ནང་ཁུལ་དུ་སྟོབས་ཤུགས་འབུར་འདོན་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་རུང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་དམག་དོན་གྱི་ཁྱབ་ཚད་རྒྱ་ཆེར་གཏོང་རྒྱུའི་ལས་འཆར་ལ་ཟབ་ནན་རྟོགས་ཞིབ་བྱེད་མུས་ཡིན་པའི་སྐོར་སྔོན་བརྡ་བཏང་འདུག་༎