རྒྱ་ནག་ལྷོ་ཕྱོགས་སུ་མི་མང་གིས་ཉེན་རྟོག་པར་ཉེས་རྡུང་།
2008.11.07
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ཧྲེན་ཀྲེན་གྲོང་ཁྱེར་ནང་མང་ཚོགས་སྟོང་ཕྲག་འགའ་ཤས་སྡེབ་ལངས་ཀྱིས་ས་གནས་ཉེན་རྟོག་པར་ཉེས་རྡུང་བཏང་བ་དང་ཉེན་རྟོག་པའི་སྣུམ་འཁོར་མེ་བསྲེགས་བཏང་བ་སོགས་བྱས་འདུག དེ་ཡང་རྒྱ་ནག་གཞུང་གཉེར་ཤིན་ཧའ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་འདི་ཚེས་བདུན་ཉིན་གོང་ཞུས་གྲོང་ཁྱེར་དེའི་ནང་སྦག་སྦག་ཐོག་འགྲུལ་བསྐྱོད་བྱེད་བཞིན་པའི་མི་ཞིག་གི་ཐོག་ཉེན་རྟོག་མི་སྣ་ཞིག་གིས་ལག་འཁྱེར་ཁ་དཔར་འཕེན་པའི་རྗེས་སྦག་སྦག་བརྡབ་སྐྱོན་ཤོར་བའི་རྐྱེན་གྱིས་དེའི་ཐོག་འགྲུལ་བསྐྱོད་བྱེད་མཁན་གྱི་མི་དེའི་ཚེ་སྲོག་ཤོར་བར་བརྟེན་མང་ཚོགས་སྟོང་ཕྲག་མང་པོ་སྡེབ་ལངས་ཀྱིས་འདི་ཚེས་བདུན་གྱི་དགོང་དྲོ་ནས་ཚེས་བརྒྱད་ཀྱི་ཐོ་རེངས་བར་ཉེན་རྟོག་མི་སྣར་རྡུང་བརྡེག་བཏང་བ་དང་ཁོ་ཚོའི་སྣུམ་འཁོར་བཅག་བཅོག་སོགས་བྱས་པའི་རྙོག་ཟིང་ཆེན་པོ་ཞིག་བྱུང་ཡོད་འདུག་པ་དང་ཡང་གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན་རྒྱ་ནག་ནང་མི་མང་དཀྱུས་མ་ཚོར་གཞུང་གི་དཔོན་རིགས་དང་ཉེན་རྟོག་མི་སྣས་དུས་རྟག་ཏུ་དབང་ཡོད་ཤོད་ཀྱི་ཡོད་སྟབས་བྱེད་སྟངས་དེ་ལ་མ་བཟོད་པར་ད་ཆ་འདི་ལྟབུའི་ངོ་རྒོལ་ཟིང་ཆ་མང་དུ་འགྲོ་གི་ཡོད་པ་དཔེར་ན་འདི་ལོའི་ཕྱི་ཟླ་དྲུག་པའི་ནང་དུའང་རྒྱ་ནག་གི་ལྷོ་ནུབ་ཞིང་ཆེན་ཀུའེ་ཀྲུའི་ནང་དུའང་མི་མང་ཁྲི་ཕྲག་མང་པོ་སྡེབ་ལངས་ཀྱིས་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་ཟིང་ཆ་ཆེན་པོ་ཞིག་བྱུང་ཡོད་པའི་གནས་ཚུལ་བཀོད་འདུག