བལ་ཡུལ་ནང་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་བྱས་ཡོད་པ།
2008.08.24
༄༅༎རེས་གཟའ་ཉི་མའི་ཉིན་ བལ་ཡུལ་གྱི་རྒྱལ་ས་ ཀཐ་མན་དྲུའི་ནང་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཉེན་སྲུང་བས་འགོག་རྐྱེན་གང་ཡང་སྤྲད་མི་འདུག ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བཀག་འགོག་མ་བྱས་པའི་རྒྱུ་མཚན་ནི་ ངོ་རྒོལ་གྱི་ལས་འགུལ་དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་དུ་ཁྲིམས་ཐོག་ནས་བཀག་སྡོམ་མེད་པའི་ས་ཁུལ་ནང་བྱས་ཡོད་ལུགས་ཉེན་སྲུང་དཔོན་རིགས་ པ་ར་མོརྡ་ པན་ཌིརྡཏི་ ཡིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཞི་བའི་གྱེན་ལངས་དྲག་གནོན་བྱས་པ་ནས་བཟུང་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་མི་ཁྲི་གཉིས་ཙམ་ཡོད་པ་དེ་དག་གིས་རྒྱ་ནག་གཞུང་ཚབ་དང་མཐོང་མཆན་ལས་ཁུངས་བཅས་ཀྱི་མདུན་དུ་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་སོགས་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་སྤེལ་བའི་རིང་བོད་མི་སྟོང་ཕྲག་ཙམ་འཛིན་བཟུང་བཀག་ཉར་དང་ཉེས་རྡུང་ཡང་ཚོད་མེད་བཏང་ཡོད་རེད།།