༸གོང་ས་མཆོག་གིས་བོད་རྒྱ་འབྲེལ་མོལ་ཐད་བཀའ་གནང་བ།
2009.08.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་རྒྱལ་ནང་གི་དཀའ་རྙོག་ཡིན་ལུགས་བཤད་ཀྱི་ཡོད་པ་ལྟར་བོད་མིའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་དེ་རྒྱ་ནག་དང་ནང་མོལ་གནང་སྟེ་སེལ་ཐབས་གནང་བཞིན་སྐོར་བཀའ་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་དབྱིན་ཇིའི་སྦི་སྦི་སི་རླུང་འཕྲིན་ལས་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ཧྲི་རུང་ཁྲེན་གྱིས་བོད་དོན་དང་འབྲེལ་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་སྟེ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའིཔ་སྲིད་ཇུས་ཁག་ལམ་ལྷོང་བྱུང་མེད་སྐོར་བཀའ་གནང་འདུག་ལ་༸གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་གནང་སྟེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་རྒྱུར་ཕྱི་ལོ་ཉིས་སྟོང་གཉིས་ལོར་འབྲེལ་མོལ་བསྐྱར་གསོ་གནང་སྟེ་ཉིས་སྟོང་བརྒྱད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་བརྒྱད་གནང་ཡང་ད་ཆ་འབྲེལ་མོལ་མཚམས་ཆད་དེ་གནས་དགོས་པའི་རྒྱུ་མཚན་ཇི་ཡིན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་བསྩལ་དོན་ལ་དེ་ནི་གཙོ་བོ་དོགས་པ་དང་ཡིད་ཆེས་མེད་པའི་རྐྱེན་གྱིས་ཡིན་པའི་སྐོར་བཀའ་གནང་བ་མ་ཟད་རྒྱ་ནག་གཞུང་གིས་སྟངས་འཛིན་བྱ་རྒྱུ་ཕྱོགས་གཅིག་རང་ལ་བལྟ་ནས་ས་གནས་མི་མང་གི་སེམས་ཚོར་ལ་དོ་སྣང་བྱེད་ཀྱི་མེད་པའི་སྐོར་བཀའ་གནང་འདུག ཡང་བོད་མི་གཞོན་སྐྱེས་ཚོའི་ཁྲོད་དུ་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་ཞུ་མཁན་ཉུང་དུ་འགྲོ་ཡི་ཡོད་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེང་སྐབས་བོད་མི་ཁྲོད་དུ་བློ་ཕམ་དགོས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་དང་དེ་ནི་བོད་ཀྱི་ཕྱི་ཕྱོགས་ཙམ་མ་ཟད་བོད་ནང་གི་བོད་མིས་ཀྱང་འུ་ཐུག་པའི་རྣམ་པ་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་བོད་མི་འགའ་ཤས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་རིང་ང་ཚོས་འཚེ་བ་མེད་པའི་ལམ་ལ་བཞུགས་རྒྱུ་ཡིན་རུང་དེ་རྗེས་ང་ཚོར་རང་དབང་དགོས་པའི་བརྡ་ལན་ཕུལ་མཁན་བྱུང་ཡོད་པའི་སྐོར་བཀའ་གནང་བ་དང་སྦྲགས་དེ་དག་ཐུགས་ཚབས་བྱེད་དགོས་པ་ཞིག་ཡིན་ཞིང་གལ་ཏེ་འཚེ་བའི་ལམ་ལ་བཞུགས་ན་བོད་མིར་གྱོང་གུན་ཕོག་རྒྱུ་མ་ཟད་རྒྱ་ནག་གཞུང་ལ་ཡང་ངོ་ཚ་ཁ་སྐྱེངས་ཆགས་རྒྱུ་ཡིན་པས་ཕྱོགས་གཉིས་ཀར་ཁེ་ཕན་རྩ་བ་ནས་མེད་སྐོར་བཀའ་བསྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག།