ཨོ་ལིམ་པིག་རིང་བོད་དོན་དོན་གཉེར་བ་འཛིན་བཟུང་བྱས་སྐོར།
2008.08.24
༄༅༎པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུན་རིང་ ཕྱི་རྒྱལ་མི་རིགས་བོད་དོན་དོན་གཉེར་བ་ཉུང་མཐར་ ༤༧ ཕྱིར་འབུད་དང་ རྒྱལ་སྤྱིའི་གསར་འགོད་པ་༢༢འཛིན་བཟུང་བྱས་ཡོད་འདུག
འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཉིན་བཅུའི་བཙོན་འཇུག་བྱས་པའི་ ཨ་རིའི་བརྙན་འཕྲིན་གསར་འགོད་པ་གཉིས་ཡོད་ལུགས་ པེ་རི་སིར་རྟེན་གཞི་བྱས་པའི་མཐའ་མཚམས་མེད་པའི་གསར་འགོད་པ་ཞེས་པའི་སྒྲིག་འཛུགས་ཀྱིས་འགྲེལ་བརྗོད་བྱས་ཡོད་པ་ཨེ་པི་གསར་ལས་ཁང་གིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག ཡང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལྔ་བཅུ་ཙམ་འཛིན་བཟུང་བཀག་ཉར་རམ་ཕྱིར་འབུད་བྱས་ཡོད་འདུག འོན་ཀྱང་པེ་ཅིང་གྲོང་ཁྱེར་གྱི་ཉེན་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་ ལྦང་ལྦེན་ཅེ་ ཡིས་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ག་ཚོད་འཛིན་བཟུང་ངམ་ཕྱིར་འབུད་བྱས་པའི་གྲངས་འབོར་གསལ་པོ་ཤེས་ཀྱི་མེད་ལུགས་བརྗོད་དེ་འགྲེལ་བརྗོད་གང་ཡང་བྱས་མི་འདུག རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་གསར་འགོད་པའི་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་བྱས་པ་དེ་སྟོང་བཤད་ཙམ་རེད་ཅེས་མཐའ་མཚམས་མེད་པའི་གསར་འགོད་པའི་སྒྲིག་འཛུགས་ཀྱི་འགན་འཛིན་ རོ་བརཊི་ མེ་ནཌེ་ ཡིས་སྐྱོན་བརྗོད་གནང་འདུག།