བོད་ཁམས་སྐྱེ་རྒུ་མདོར་བོད་མི་ཞིག་གིས་རང་ལུས་མེར་བསྲེག
2012.02.10
༄༅༎མདོ་ཁམས་ཡུལ་ཤུལ་་ཁུལ་གྱི་ཁྲི་འདུ་རྫོང་ནང་ཡོད་པའི་ལབ་དགོན་པའི་དགེ་འདུན་པ་རང་ལོ་སུམ་ཅུ་སོ་གྲངས་ཤིག་ལ་ཕེབས་པ་ཞིག་གིས་ཁ་ས་ཉིན་དགུང་བོད་ནང་གི་ཕྱག་ཚོད་དང་པོ་དང་གཉིས་པ་ཡས་མས་ཤིག་ལ་རང་ལུས་མེར་བསྲེགས་བཏང་སྟེ་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ཛ་དྲག་གི་གནས་ཚུལ་ཞིག་བསྐྱར་དུ་ཐོན་ཡོད་པ་རེད་
བོད་ནས་གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ དགེ་འདུན་པ་ཁོང་ད་ལྟ་གསོན་པོར་འཚོ་གནས་ཐུབ་ཡོད་ཀྱང་ཁོང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོའི་་ངང་ཡོད་པ་དང་ ཁོང་གི་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཇི་བཞིན་ངོ་སྤྲོད་ཐུབ་ཀྱི་མེད་པ་རེད་ ས་གནས་ནས་གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ ངོ་རྒོལ་དོན་རྐྱེན་འདིའི་རྗེས་རྒྱ་ནག་གཞུང་གིས་དགོན་པའི་བླ་མ་དང་མཁན་པོ་ལས་སྣེ་སོགས་མངའ་ཁུལ་ལས་ཁུངས་ལ་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱེད་བཞིན་ཡོད་པ་དང་ དགོན་པའི་དགེ་འདུན་པ་ཚོས་བླ་མ་དང་མཁན་པོ་གློད་བཀྲོལ་མ་བྱུང་ཚེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་སོགས་ས་གནས་སུ་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་ཡོད་པ་ངོ་སྤྲོད་གནང་གི་ཡོད་པ་རེད་
འདིའི་གོང་ཕྱི་ཚེས་༨ ཉིན་མདོ་སྨད་རྔ་པའི་ནང་རང་ལོ་༡༩་ཡིན་པའི་རིག་འཛིན་རྡོ་རྗེ་ཞུ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་ རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་ ཁོང་སྐབས་དེར་སྨན་ཁང་ལ་བསྐྱལ་ཡོད་ཀྱང་ཁོང་གི་གནས་སྟངས་ཇི་འགྱུར་ ད་ལྟ་ཤེས་རྟོག་ཐུབ་ཀྱི་མེད་པ་རེད་།