རྒྱ་གཞུང་གིས་བོད་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཏང་བ།
2009.04.08
༄༅༎རྒྱ་ནག་གཞུང་གིས་བོད་ནང་སྔ་ལོ་ཕྱི་ཟླ་གསུམ་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བོད་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲིམས་ཁང་ཞིག་གིས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ལྷ་སར་ཚོང་ཁང་གཉིས་མེར་བསྲེགས་ཀྱིས་ཚོང་ཁང་གཅིག་གི་བདག་པོ་ཙུ་རེན་ཆུན་རྐྱེན་ལམ་དུ་བཏང་མཁན་བློ་བཟང་རྒྱལ་མཚན་དང་ཡང་སྦག་སྦག་ཚོང་ཁང་ཞིག་ལ་གཏོར་རྒོལ་གྱིས་སྦྱིན་བཟའ་ཚོ་གཉིས་དང་བུ་གཅིག་དེ་མིན་ལས་བྱེད་པ་གཉིས་བཅས་མི་ལྔ་རྐྱེན་ལམ་དུ་བཏང་མཁན་བློ་ཡར་གཉིས་ལ་སྲོག་ཐོག་ཉེས་ཆད་བཏང་ཡོད་ལུགས་རྒྱ་ནག་གཞུང་གིས་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད་པ་ཨེ་པི་གསར་ལས་ཁང་གིས་བེ་ཅིང་ནས་གནས་ཚུལ་སྤེལ་འདུག ཡང་བློ་ཡར་གྱི་རོགས་པ་གཅིག་ལ་ལོ་གཉིས་རིང་ཕྱིར་འགྱངས་སྲོག་ཐོག་ཉེས་ཆད་དང་གཅིག་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་འདུག ཡང་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱ་མིའི་ཚོང་ཁང་གཅིག་མེར་བསྲེགས་བཏང་སྐབས་སྦྱིན་བདག་གི་བུ་རྐྱེན་ལམ་དུ་ཕྱིན་པའི་ནག་ཉེས་འོག་ཕྱིར་འགྱངས་སྲོག་ཐོག་ཉེས་ཆད་བཏང་ཡོད་འདུག ཁྲིམས་ཁང་དེས་དེ་མིན་མི་ལྔ་རྐྱེན་ལམ་བཏང་བའི་སྐོར་ཞིབ་འཇུག་མུ་མཐུད་བྱེད་ཀྱི་ཡོད་སྐོར་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག རྒྱ་ནག་གཞུང་གིས་བོད་ནང་གི་དོན་རྐྱེན་སྐུལ་སློང་བྱེད་མཁན་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཡིན་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་༸གོང་ས་མཆོག་གིས་རྟག་ཏུ་འཚེ་མེད་ཞི་བའི་ལམ་ལ་བསྟེན་དགོས་པའི་བཀའ་སློབ་གནང་གི་ཡོད་པ་རེད༎