རྒྱ་ནག་ནང་མི་རིགས་དབྱེ་འབྱེད།
2013.04.07

༄༅༎ད་ལམ་བོད་ནང་ས་རུད་ཀྱི་རྐྱེན་པས་གཏེར་ཁང་གི་ལས་བྱེད་པ་༨༣གྱི་ཚེ་སྲོག་ཤོར་པ་རེ་གཉིས་མ་གཏོགས་དེ་བྱིངས་ཚང་མ་རྒྱ་ཧན་མི་རིགས་ཡིན་པ་དེས་མི་རིགས་དབྱེ་འབྱེད་དང་། ཉེན་ཁ་ཆེ་ཡང་ཁེ་བཟང་ཚང་མ་རྒྱ་ནག་གཞུང་དང་རྒྱ་མི་རིགས་ཁོ་ནས་ལོངས་སུ་སྤྱོད་པ་ལས་གྲངས་ཉུང་མི་རིགས་ལ་གྱོང་གུན་ཁོ་ན་སྤྲོད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད་འདུག
ལོ་མང་རིང་རྒྱ་ནག་གིས་གྲངས་ཉུང་མི་རིགས་ས་ཁུལ་གཙོས་པའི་ས་ཁུལ་མང་དག་ནང་ཁོར་ཡུག་དང་སྲོལ་རྒྱུན་རིག་གཞུང་ལ་ལྟོས་མེད་ཀྱིས་རང་འབྱུང་གཏེར་རྫས་གང་བྱུང་སྔོག་འདོན་གྱིས་དཔལ་འབྱོར་འཕེལ་རྒྱས་ཧ་ལས་པའི་ཆེན་པོ་བྱུང་ཡོད་ཀྱང་ས་གནས་དེ་དག་གི་གྲངས་ཉུང་མི་རིགས་ཚོའི་འཚོ་རྟེན་དང་བདེ་སྡུག་ལ་བསམ་ཤེས་རྩ་བ་བྱས་མེད་པ་རེད། རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་གྲངས་ཆུང་༣༥ཡོད་པ་ནས་བརྒྱ་ཆ་༩༡རྒྱ་ཧན་མི་རིགས་ཡིན་པ་དང་ དེ་འཕྲོས་རྣམས་ ཡུ་གུར་དང་ མནྖུ། སོག་པོ། ཀོ་རེའན། ཀ་ཛྒསེ་དང་བོད་པ་སོགས་གྲངས་ཉུང་མི་རིགས་༥༥ལས་གྲུབ་པ་ཡིན་པ་རེད། གྲངས་ཉུང་མི་རིགས་ཆེན་པ་ཡོད་ས་ཤར་ཏུརྐིསྟན་དང༌། བོད། སོག་ཡུལ་བཅས་སུ་ སྣུམ་དང༌། རྗས་རླངས་། ཟངས་། ལྕགས་། རྡོ་སོལ་སོགས་ཧ་ཅང་དཀོན་པ་དང་། དེང་དུས་ཀྱི་ལག་འཁྱེར་ཁ་དཔར་སོགས་ཀྱི་རྒྱུ་ཆ་མེད་དུ་མི་རུང་བ་ཤུགས་ཆེ་སྔོག་འདོན་བྱེད་བཞིན་པ་རེད། དཔེར་ན་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གཏེར་ལས་ཁང་ཞིག་ལ་ས་རུད་ཀྱི་རྐྱེན་ངན་ནང་འདས་གྲོངས་སོང་བའི་ལས་མི་རེ་གཉིས་ཙམ་ལ་དེ་མིན་ཚང་མ་རྒྱ་ནག་གི་ས་ཁུལ་གཞན་ནས་ཡིན་པ་དེས་མི་རིགས་དབྱེ་འབྱེད་ཇི་ཙམ་ཡོད་པ་དང་། ཉེན་ཁ་ཆེ་ཡང་ཁེ་བཟང་ཡོད་པའི་ལས་རིགས་རྒྱ་མི་རིགས་ཁོ་ནོར་སྤྲད་ཀྱིད་ཡོད་པ་གསལ་པོ་ཆགས་པ་ཡོད་པ་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ངལ་རྩོལ་དུས་དེབ་གྱི་མགྲིན་ཚབ་པ་ ཇིཕ་རི་ཁརོ་ཐལ (Goeffrey Crothall) གྱིས་འགྲེལ་བརྗོད་བྱས་འདུག མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་རིགས་ཀྱིས་ཕྱི་ལོ་༢༠༠༨ལོར་བོད་དང་༢༠༠༩ལོར་ ཤར་ཏུརྐིསྟན་དང་ཕྱི་ལོ་༢༠༡༡ལོར་སོག་ཡུལ་བཅས་སུ་རྒྱ་རིགས་དང་ས་གནས་ཀྱི་ཡུལ་མིའི་དབར་འཁོན་འཛིན་ཆེན་པོ་ བྱུང་ཡོད་རེད། དཔེར་ན་བོད་ལ་ཆ་བཞག་ན། ད་བར་བོད་ཀྱི་༡༡༥ཙམ་གྱིས་རང་ལུས་མེར་སྲེག་གཏོང་ཡུལ་མང་དག་ཞིག་ནང་གཏེར་ལས་གོད་ཆགས་ཀྱི་ས་ཁུལ་ནང་བྱུང་ཡོད་སྐོར་ཨ་རིའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གྲའི་དེང་དུས་བོད་ཀྱི་སློབ་གཉེར་ཁང་གི་འགན་འཛིན་རོ་བྭརྚ་བྭརྣེཊ་(Robert Bernett)ཡིས་འགྲེལ་བརྗོད་གནང་འདུག པེ་ཅིན་ནང་རྟེན་གཞི་བྱས་པའི་བོད་མི་རྩོམ་བྲིས་པ་འོད་ཟེར་ལགས་ཀྱིས་ད་ལམ་མེལ་གྲོ་གོང་དཀར་ཁུལ་གཏེར་ལས་ལ་གོད་ཆགས་སྐོར་འགྲེལ་བརྗོད་གནང་བའི་ནང༌། ས་འོག་གི་གཏེར་རྫས་རྣམས་ཀྱི་བདག་པོ་ལྷ་གླུ་ཞི་བདག་ཡིན་པས་གང་བྱུང་བཀོལ་སྤྱོད་བྱས་ན་འགྲིག་གི་མེད་སྔར་སྲོལ་བོད་ཀྱི་གཏམ་དཔེ་ཡང་ལུང་འདྲེན་གནང་འདུག།