བོད་ཀྱི་ཁོར་ཡུག་དང་གོ་ལའི་གལ་གནད་སྐོར་བགྲོ་གླེང།
2012.04.11
༄༅༎དེ་རིང་ཕྱི་ཚེས་༡༡ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་གོ་ལའི་སྟེང་གལ་གནད་ཆེ་ལོས་ཇི་ཙམ་ཡིན་མིན་སྐོར་བགྲོ་གླེང་གནང་བཞག།
ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། དེ་སྔོན་བལ་ཡུལ་དང་འབྲུག་དེ་བཞིན་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུཛ་སྦེ་ཀི་སི་ཏན་དང་ཊ་ཇི་ཀིསི་ཏན་ ཀྲཀ་མེ་ནིསི་ཏན་བཅས་ཀྱི་ནང་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲུང་ཆེའི་ཕྱག་ལས་གནང་མྱོང་ཡོད་པའི་སྐུ་ཞབས་རྡ་ལིབ་མེའེ་ཊ་ དེ་བཞིན་བོད་ཀྱི་རྒྱལ་རབས་ཐོག་ཉམས་ཞིབ་པ་སྐུ་ཞབས་མེ་ཐིའུ་ཨེ་ཀེསི་ཀྲར་ཨ་རིར་རྟེན་གཞི་གནང་བའི་གཙུག་ལག་སློབ་དཔོན་སྐུ་ཞབས་ངག་དབང་ཕུན་ཚོགས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། འགན་འཛིན་གཞོན་པ་བློ་བཟང་ལགས་ཀྱི་དབུས་འབྲེལ་ཡོད་ལས་བྱེད་རྣམ་པ། ལྷན་ཁང་ཁག་གི་དྲུང་གཞོན་ཡན་གྱི་སྲི་ཞུའི་ལས་བྱེད་ཁག་ཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་མཉམ་ཞུགས་གནང་འདུག། ལྷན་ཚོགས་དེའི་ཐོག་བཀའ་ཁྲི་མཆོག་གིས་དབུ་འབྱེད་གསུང་བཤད་གནང་བའི་ནང། འཛམ་གླིང་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་མང་ཤོས་ཀྱི་ས་ཁུལ་དེ་བཞིན་མཐོ་སྒང་བོད་དེ་ཆགས་ཡོད།
འཛམ་གླིང་བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་གངས་བཞུར་ནས་རྒྱ་མཚོའི་ནང་འགྲོ་བཞིན་ཡོད། མཐོ་སྒང་བོད་ཀྱི་གངས་རྣམས་བཞུར་སྐབས་འཐུང་ཆུར་གྱུར་ཏེ་ཨེ་ཤིའི་ཡའི་ས་ཁུལ་དཔེར་ན་རྒྱ་གར་དང་པ་ཀི་སི་ཐན་ནང་རྒྱུག་བཞིན་པའི་སེང་གེ་གཙང་པོ་དང་། གླང་ཆེན་ཁ་འབབ་དེ་བཞིན་རྒྱ་གར་དང་བྷང་ལ་སྡེ་ཤིའི་ནང་རྒྱུག་བཞིན་ཡོད། རྫ་ཆུ་/དེ་བཞིན་ཐའི་ལན་ཌི། ལའོ་སི། ཁེམ་སྦོ་ཌི་ཡ་སོགས་ཀྱི་ནང་རྒྱུག་བཞིན་ཡོད། འབྲི་ཆུ་དང་རྨ་ཆུ་རྒྱ་ནག་ཏུ་རྒྱུག་བཞིན་ཡོད། དེར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཆགས་གི་ཡོད་པའི་སྐོར་འགྲེོལ་བརྗོད་དང་འབྲེལ། མཁས་པ་ཁག་ཅིག་གིས་དེ་སྔ་སའི་ཆེད་དུ་དམག་འཁྲུག་བྱུང་བ་དང། དེང་སང་ནུས་ཤུགས་ཆེད་དམག་འཁྲུག་འབྱུང་བཞིན་ཡོད་པ་དང། འབྱུང་འགྱུར་རིང་མིན་ཆུའི་ཆེད་དུ་དམག་འཁྲུག་ཡོང་རྒྱུ་ཡིན་པའི་ཚོད་དཔག་གནང་བཞིན་ཡོད་པའི་སྐོར་གསུངས་བཞག། དེ་ནས་གཞུང་ཚབ་ཟུར་པ་རྡ་ལིཔ་མེཧ་ཏཱ་ཡིས་ཁོར་ཡུག་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། སྐུ་ཞབས་མེ་ཐིའུ་ཨེ་ཀེསི་ཀྲར་གྱིས་གཏེར་ཁའི་སྐོར་བརྗོད་གཞིའི་ཐོག་གསུང་བཤད་གྲུབ་མཚམས་ཕྱི་དྲིལ་ཁོར་ཡུག་ཉམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་མཐོ་སྒང་གི་ས་གཤིས་འཕེལ་རིམ་སྐོར་གཏམ་བཤད་གནང་སྟེ་སྔ༌དྲོའི་ཚོགས་ཐུན་དང་པོ་ལེགས་གྲུབ་བྱུང་ཡོད་པ་རེད།།