བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས།

བོད་མི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་པར་ཧ་ཅང་གི་བློ་འཚབ་ཡོད་པ།

2012.05.29

༄༅།།བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་པར་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད་པ་གསུངས་འདུག།

དེ་ཡང་དེ་རིང་ཕྱི་ཟླ་ ༥ ཚེས ༢༩ ཉིན་ བཞུགས་སྒར་རྡ་རམ་ས་ལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང༌། རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་དོན་རྐྱེན་ད་ཆ་བོད་ཀྱི་ས་ཁུལ་གཞན་ནང་བྱུང་བར་ཧ་ཅང་བློ་འཚབ་ཡོད་ཅེས་དང༌། ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ ཨ་མདོ་བླ་བྲང་ནས་ཡིན་པ་བོད་མི་རྡོར་རྗེ་ཚེ་བརྟན་ལགས་དང་ ཡང་ཨ་མདོ་རྔ་པ་ནས་ཡིན་པ་དར་རྒྱས་ལགས་གཉིས་ཀྱིས་བོད་ཀྱི་རྒྱལ་སར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་འདི་ནི་ ལྷ་སར་གནས་ཚུལ་དེ་རིགས་བྱུང་བ་ཐོགས་མ་དེ་ཡིན་པ་དང༌། ད་ཆ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམ་བསྒྲགས་ཧ་ལས་པའི་ཆེན་པོ་བྱེད་བཞིན་ཡོད་པ་བཀོད་ཡོད་པ་རེད།

བོད་ནང་འདས་པའི་ལོ་གཉིས་ཀྱི་ནང་ད་ཆ་བོད་མི་ ༣༧ གྱི་རང་ལུས་མེར་བསྲེགས་བཏང་པའི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་ཅིང༌། ཨ་རིའི་ཧ་ཝཡི་ནང་རྟེན་གཞི་བྱེད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་སློབ་གཉེར་ཁང་གི་ཨེ་ཤི་ཡའི་བདེ་འཇགས་ཐད་ཀྱི་སློབ་དཔོན་ མོ་ཧན་ མ་ལིཀ་ གྱིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ།  ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱས་པ་དེས་ ད་ཆ་ལས་འགུལ་འདི་ད་ཆ་རྒྱ་ཁྱབ་དུ་འགྲོ་བཞིན་ཡོད་པ་མཚོན་པ་ཞིག་རེད་ཅེས་དང༌། རང་ལུས་མེར་བསྲེགས་བཏང་པའི་ལས་འགུལ་འདི་བོད་རང་སྐྱོང་ལྗོངས་དང་ དེ་མིན་རྒྱ་ནག་གི་ཞིང་ཆེན་འདྲ་མིན་འོག་ཡོད་པའི་བོད་མི་གནས་ཡུལ་གྱི་ས་ཁུལ་མཚོན་སྔོན་དང། ཟི་ཁྲོན་། ཀན་སུ་བཅས་ཀྱི་བྱུང་ཡོད་པ་གསུངས་འདུག།

ད་དུང་སློབ་དཔོན་མ་ལིཀ་གྱིས།  རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་འདི་དག་གི་ཐད་སྟངས་འཛིན་ཐུབ་ཀྱི་མེད་པ་བསྟན་པར་མ་ཟད། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་འདི་དག་གིས་ རྒྱ་ནག་འདི་བཞིན་ནུས་སྟོབས་རྒྱས་བཞིན་པའི་ཡུལ་གྲུ་ཞིག་ཆགས་བཞིན་པའི་རྣམ་པར་ཉམས་ཉེས་ཆེན་པོ་བཏང་གི་ཡོད་པ་འགྲེལ་བརྗོད་གནང་འདུག།

ཡང་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་ ཕྱི་ལོ་  ༢༠༡༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་བཏོན་པ་དེའི་ནང་། བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་མི་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རུ་བཅུག་པ་མ་ཟད། བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་མིའི་བདེ་འཇགས་མི་སྣ་འགྲེམས་འཇོག་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བཙན་ཐབས་ཀྱིས་སྤེལ་ཏེ་ཆེད་མངགས་བོད་མི་ཚོར་བསུན་བཙིར་བཟོ་བཞིན་པ་དེར། བོད་མི་ཚོས་རང་གི་ཐུན་མིན་རིག་གཞུང་དང་སྐད་ཡིག་རྩ་མེད་འགྲོ་རྒྱུའི་ཉེན་ཁ་མཐོང་སྟེ་ངོ་རྒོལ་བྱེད་སྐབས་མི་དམངས་བཅིངས་བཀྲོལ་དམག་མིས་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བྱས་པར་བརྟེན། མཐར་བོད་མི་ཚོས་བཟོས་ཐབས་བྲལ་ཏེ་རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་འབྱུང་བཞིན་ཡོད་སྐོར་ཞིབ་ཕྲ་བཀོད་ཡོད་ལ་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བྱུང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་རྣམས་ཇི་ཡིན་སྙན་ཐོའི་ནང་ཚད་ལྡན་ཐོག་བཀོད་ཡོད་པ་དང། གནས་ཚུལ་དེ་དག་ཁུངས་ལྡན་ཡིན་པའི་ར་སྤྲོད་ཆེད་བོད་ནས་གསང་བའི་ཐོག་བཏང་འབྱོར་བྱུང་བའི་བརྙན་འཕྲིན་ཁག་ཅིག་ཀྱང་ལུང་འདྲེན་བྱས་ཡོད། བརྙན་འཕྲིན་ནང་རྒྱ་མིའི་ཉེན་རྟོག་མི་སྣས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་ཤག་ནང་མཚན་མོ་འཛུལ་ནས་བ

བསྔོག་བཤེར་བྱས་པ་མ་ཟད། ༸གོང་ས་མཆོག་གི་སྐུ་པར་ཉར་མཁན་དགེ་འདུན་པ་རྣམས་འཛིན་བཟུང་བྱས་པ་དང། ཉེན་རྟོག་པ་ཚོས་ལྷ་སའི་འབྲས་སྤུངས་དགོན་པར་དམ་བསྒྲགས་ཀྱི་མཐའ་སྐོར་བྱས་པ་སོགས་གསལ་སྟོན་ཡོད་ཅིང༌། སྤྱིར་བརྙན་པར་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བརྒྱབ་པ་ཞིག་ཡིན་ཡང་སྲིད་བྱུས་དེ་དག་ད་ལྟའང་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པར་བརྟེན། བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་གནས་སུ་གྱར་ཏེ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་རིགས་འབྱུང་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད། བརྙན་པར་དེ་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ཐོག་བཞག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎