འཛམ་གླིང་ཚ་དྲོད་འཕར་བ་དེས་བོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན།
2009.09.09
༄༅༎འཛམ་གླིང་གི་དྲོད་ཚད་མཐོ་རུ་འགྲོ་གི་ཡོད་པ་དེས་བོད་ཀྱི་ཁོར་ཡུག་ཐོག་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྒྱུའི་ལས་འཆར་གསར་པ་ཞིག་བོད་ནང་བསྩམས་ཡོད་སྐོར་བོད་ཀྱི་ཚོང་ལས་ཞེས་པའི་ལས་ཁང་གིས་བརྗོད་འདུག
དེ་ཡང་ཆའེ་ན་ཀྲི་སྦེཏ་ཨོན་ལའེན་ཞེས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་ཁོར་ཡུག་ཐོག་གནོད་འཚེ་ཆུང་དུ་གཏོང་ཐབས་སུ་དམིགས་པའི་གོང་ཞུས་ལས་འཆར་དེའི་འོག་གནམ་གཤིས་འགྱུར་ལྡོག་གིས་གནོད་སྐྱོན་ཆེ་ཤོས་ཕོག་ཡུལ་ཞིང་ལས་དང་ཕྱུགས་རིགས་གསོལ་འཕེལ་ རང་བཞིན་སྐྱེ་དངོས་དང་ཐོན་སྐྱེད་བཟོ་གྲྭ་བཅས་ཀྱིས་མཁའ་རླུང་ནང་དུ་བ་གཙོག་པ་གཏོང་ཚད་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་ལག་བསྟར་བྱ་རྒྱུ་འཆར་འགོད་བྱས་ཡོད་ཅིང་ཐབས་ཤེས་དེ་ཚོའི་གྲས་སུ་བསྐྱར་གསོ་བྱེད་ཐུབ་པའི་ནུས་པའི་འབྱུང་ཁུངས་ཡར་རྒྱས་གཏོང་རྒྱུ་ ནུས་ཤུགས་ཀྱི་ཆ་རྐྱེན་བཟང་དུ་གཏོང་རྒྱུ་ གློག་ཤུགས་བསྲི་འཚག་བྱེད་ཐུབ་པའི་ཁང་ཁུངས་གསར་རྒྱག་བྱ་རྒྱུ་དང་ཕྱུགས་རིགས་གསོ་འཕེལ་དང་བདག་གཉེར་གྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་སོགས་ཡིན་པ་རེད།
བོད་དེ་བཞིན་ཨེ་ཤེ་ཡའི་མངའ་ཁུལ་ནང་ནས་འཛམ་གླིང་གི་གནམ་གཤིས་དྲོད་ཚད་འཕར་བའི་གནོད་སྐྱོན་ཆེ་ཤོས་ཐེབས་སའི་ས་ཁུལ་ཞིག་ཆགས་ཡོད་པ་ལྟར་ཞིབ་འཇུག་བསྡོམས་རྩིས་གཞི་བཟུང་བྱས་པ་ཡིན་ན་བོད་ནང་༡༩༦༡ནས་༢༠༠༧བར་ལོ་བཅུ་རེའི་ནང་ལོ་གཅིག་གི་ཆ་སྙོམ་དྲོད་ཚད་ལ་འཕར་ཆ་འགྲོ་ཚད་སེན་ཊི་གེ་རེཏེ་༠དང་ཚག་༣༢ཡིན་པ་དེ་ནི་འཛམ་གླིང་སྤྱིའི་ལོ་བརྒྱའི་ནང་ཚ་དྲོད་འཕར་ཚད་སེན་ཊི་གེ་རེཏེ་ཚག་༥ནས་༠ཚག་༨བར་ལས་ཧ་ཅང་མང་བ་ཡོད་པ་རེད།
ཁོར་ཡུག་ཐོག་གི་མཁས་པ་ཚོས་གོང་ཞུས་གནས་སྟངས་དེ་མུ་མཐུད་དེ་མུར་གནས་པ་ཡིན་ན་རིམ་པས་མངའ་ཁུལ་ནང་ཁོར་ཡུག་ལ་ཉམ་རྒུད་འགྲོ་རྒྱུ་ཡིན་པ་མ་ཟད་ཁུལ་དེའི་ནང་ཆུ་ཡང་ཧ་ཅང་དཀོན་པོ་ཆགས་སྲིད་རྒྱུའི་ཉེན་བརྡ་བཏང་གནང་བཞག
བོད་ནང་ཆུ་འགོ་གངས་ལ་ཐུག་པའི་འཁྱག་རོམ་གཞི་རྒྱ་ཆེན་པོ་ཡོད་ནའང་ཉེ་བའི་ཆར་གནམ་གཤིས་དྲོད་ཚད་ལོ་རེ་ནང་ལོ་རེ་མཐོ་རུ་འགྲོ་གི་ཡོད་པ་དེས་འཁྱག་རོམ་བཞུར་བཞིན་ཡོད་པ་ལྟར་རི་བོ་ཇོ་མོ་གླང་མའི་ཉེ་འཁྲིས་སུ་ཡོད་པའི་བོད་ནང་གི་འཁྱག་རོམ་ཆེ་ཤོས་རོང་བོ་འཁྱག་རོམ་དེ་བཞིན་༡༩༦༡ནས་༡༩༩༧བར་ཕྱིར་ཤིག་མི་ཊར་༢༧༠ཙམ་རྒྱབ་ཟིན་ཡོད་པར་བརྟེན་བོད་ནང་གི་འཁྱག་རོམ་གྱི་གཞི་ཁྱོན་མུ་མཐུད་ཆུང་དུ་ཕྱིན་པ་ཡིན་ན་བོད་ནས་ཐོན་པའི་གཙང་པོ་ཁག་གི་ཆུའི་འབྱུང་ཁུངས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག།