༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱའི་དཔོན་རིགས་འབྲེལ་མོལ།
2008.11.05
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན་ལྟར་ན་བོད་ཀྱི་གནད་དོན་ཐད་བོད་རྒྱའི་དབར་འབྲེལ་མོལ་ཐེངས་བརྒྱད་པ་གནང་བར་རྒྱ་ནག་ཏུ་ཕེབས་མཁན་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་དཔོན་རིགས་རྣམས་དང་ལྷན་དུ་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་གྱི་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་བཀའ་མོལ་གནང་རྗེས་དེ་རིང་དགོང་དྲོ་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད། ཨེ་པི་གསར་འགྱུར་ལས་ཁང་གིས་གནད་དོན་དེའི་ཐད་ཞིབ་ཕྲའི་གནས་ཚུལ་མཁོ་སྒྲུབ་སླད་དུ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་ཁ་དཔར་བཏང་ཀྱང་ཁ་དཔར་ལེན་མཁན་སུ་གང་བྱུང་མེད་པ་རེད། བོད་ཀྱི་གནད་དོན་ཐད་བོད་རྒྱའི་དབར་འབྲེལ་མོལ་ཐེངས་བརྒྱད་པ་གནང་ཕྱིར་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་གཙོས་པའི་ཕྱག་རོགས་རྣམས་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་ཏུ་ཕེབས་འབྱོར་གནང་ཡོད་པ་རེད། ཡིན་ནའང་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་སུ་སུ་མཇལ་འཕྲད་གནང་བ་དང་བཀའ་མོལ་གནང་སྟེ་གྲུབ་འབྲས་ག་རེ་ཐོན་མིན་ཐད་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་གསལ་པོ་མེད་པ་རེད།