རྒྱ་གཞུང་གིས་ཁེ་ན་ཌའི་ཁུལ་དུ་བོད་ཀྱི་སྐོར་པར་འགྲེམས་སྟོན།
2009.04.27
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་དཔར་གྱི་འགྲེམས་སྟོན་ཞིག་ཁེ་ན་ཌའི་མོན་ཊི་རིཡོལ་ཁུལ་དུ་སྤེལ་ཡོད་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ཁེ་ན་ཌའི་མི་མང་ཚོས་བོད་ཀྱི་སྔོན་མ་དང་དེང་དུས་ཀྱི་གནས་སྟངས་དངོས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་གཞུང་གིས་བོད་ཀྱི་དེང་དུས་དང་སྔོན་མའི་དཔར་གྱི་འགྲེམས་སྟོན་ཞིག་གཟའ་ཉི་མའི་ཉིན་འགོ་འཛུགས་བྱས་ཡོད་ལུགས་འཁོད་འདུག ཁེ་ན་ཌའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལན་ལི་ཅུན་གྱིས་དཔར་གྱི་འགྲེམས་སྟོན་འགོ་འབྱེད་མཛད་སྒོའི་ཐོག་བོད་དེ་ཡ་མཚན་དང་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་ཡིན་ནའི་མི་ཁག་ཅིག་གིས་གོ་བ་ལོག་སྒྲུབ་དང་ནོར་འཁྲུལ་གྱི་བསམ་བློ་འཛིན་མཁན་ཡང་ཡོད་པས་དེ་དག་གི་གོ་རྟོགས་སེལ་ཐུབ་པའི་ཆེད་དུ་བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་སྐོར་གྱི་དཔར་འགྲེམས་སྟོན་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་གཞུང་གིས་དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་འདས་པ་དང་ད་ལྟ་ཞེས་པའི་ཐོག་ནས་དཔར་དང་རི་མོ།གློག་བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་བོད་ནང་གི་ཡར་ལངས་ཞིང་བྲན་ཚོར་བཅིངས་འགྲོལ་བཏང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།