ཨོ་སེ་ཀྲོ་ལི་ཡར་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།
2011.04.09
༄༅༎རྒྱ་ནག་གི་དཔོན་རིགས་ཅའ་ཆིང་ལིན་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་སྐབས་བོད་དོན་སྐོར་གླེང་སློང་གནང་དགོས་སྐོར་ཨོས་ཀྲོ་རོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཀེ་ལྦིན་རདྲ་ལགས་སུ་འབོད་སྐུལ་ཞུས་གནང་འདུག དེ་ཡང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཅའ་ཆིང་ལིན་འདི་ཚེས་༥ནས་བཟུང་ཉིན་གྲངས་ལྔའི་རིང་ཨོས་ཀྲོ་རོ་ལི་ཡའི་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་ཡོད་པ་མ་ཟད། སྐབས་འདིར་ཁོང་དང་ཨོས་ཀྲོ་རོ་ལི་ཡའི་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་མཇལ་འཕྲད་ཀྱིས་ཡུལ་གྲུ་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་ཀྱི་གྲོས་མོལ་གནང་གཏན་འཁེལ་ཡོད་པར་བརྟེན། ཨོས་ཀྲོ་རོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་སྲིད་བློན་ཆེན་ཀེ་ལྦིན་རདྲ་ཡི་མཚན་ཐོག་ཕྱག་བྲིས་ཤིག་ཕུལ་ཏེ། མཇལ་འཕྲད་དེའི་སྐབས་བོད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་པ་རེད༎