རྒྱ་ནག་ཧྲང་ཧད་འགྲེམས་སྟོན་དུ་བོད་ཀྱི་གཟའ་འཁོར།
2010.08.30
༄༅༎རྒྱ་ནག་གི་ཧྲང་ཧའི་གྲོང་ཁྱེར་ནང་ཚོགས་བཞིན་པའི་འཛམ་གླིང་གི་འགྲེམས་སྟོན་ཆེན་པོ་དེར་བོད་ཀྱི་གཟའ་འཁོར་ཞེས་པའི་རིག་གཞུང་གི་དུས་སྟོན་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་གསར་འགྱུར་འགྲེམས་སྤེལ་གནང་བར་གཞིགས་ན་གོང་ཞུས་བོད་ཀྱི་གཟའ་འཁོར་ཞེས་པའི་དུས་སྟོན་དེ་བདུན་འདིའི་རེས་གཟའ་ལྷག་པ་ཉིན་འགོ་འཛུགས་གནང་ནས་རེས་གཟའ་ཉི་མ་བར་ཚོགས་གནང་རྒྱུ་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེད་
བོད་ནང་ལྷ་ཡུལ་ཞེས་པའི་བརྗོད་གཞིའི་ཐོག་འབོད་པའི་དུས་སྟོན་དེར་བོད་པའི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་དང་རྒྱུ་རྩལ་འདྲ་མིན་འགྲེམས་སྟོན་གནང་རྒྱུ་ཡིན་སྐོར་བོད་རང་སྐྱོངས་ལྗོངས་ཀྱི་རིག་གཞུང་ལྷན་ཁང་གི་འགན་འཛིན་གཞོན་པ་བཀྲིས་རྡོ་རྗེས་བརྗོད་ཡོད་པ་རེད་
བོད་ཀྱི་རིག་གཞུང་གི་འགྲེམས་སྟོན་དེར་གླུ་གཞས་གཏོང་མཁན་དང་འཁྲབ་སྟོན་གནང་མཁན་མི་གྲངས་༤༠༠སྐོར་ཞིག་མཉམ་ཞུགས་གནང་རྒྱུའི་ཁོངས་གཞས་མ་བསོད་ནམས་ཟེར་བ་ཞིག་གིས་ང་ཚོས་དུས་སྟོན་ཆེད་ཉིན་གྲངས་༥༠སྐོར་ཞིག་སྦྱོང་བརྡར་བྱས་པ་ཡིན། ད་ཆ་མི་ཚང་མ་དཀའ་ལས་ཁག་ཡོད་ནའང་ད་ཐེངས་ཀྱི་འཁྲབ་སྟོན་དེར་འཁྲབ་སྟོན་བྱེད་རྒྱུར་དགའ་ཚོར་ཐོག་ངང་སྒུག་བྱེད་བཞིན་ཡོད་ཅེས་གསུང་འདུག
ཡང་ཧྲང་ཧའི་སྒོང་ཀང་ཞེས་པའི་འབྲིང་རིམ་སློབ་གྲའི་སློབ་མ་བསྟན་འཛིན་དར་རྒྱས་ཟེར་བ་ཞིག་གིས་ང་ཚོའི་སློབ་གྲའི་བོད་ཕྲུག་སློབ་མ་༦༠སྐོར་ཞིག་རིག་གཞུང་གི་འགྲེམས་སྟོན་དེར་ཞུགས་རྒྱུ་ཡིན་ཞེས་བརྗོད་འདུག
གཞན་ཡང་རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་ཆེད་གོ་སྒྲིག་གནང་བའི་འགྲེམས་སྟོན་དེར་སྐུ་ཐང་བཞེངས་མཁན་དང་ཤིང་བསྐོས་བོད་ཀྱི་གསོ་རིག་རྩེད་སྣ་དང་ཁ་བཟས་སོགས་འགྲེམས་སྟོན་གནང་རྒྱུ་ཡིན་སྐོར་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་འགྲེམས་སྤེལ་གནང་ཡོད་པ་རེད་