ཁམས་ཁུལ་དུ་ཉེན་རྟོག་པས་དུད་ཚང་རེ་རེ་བཞིན་བསྔོཌ་ཡོད་པ།

བོད་ཤར་ཕྱོགས་ཁམས་འབའ་ཐང་རྫོང་ཁོངས་སྤོ་གུར་གཤིས་ཤང་ཁོངས་སྒར་དུ་གྲོང་ཚོའི་ནང་གི་དུད་ཚང་རེ་རེ་བྱས་ཏེ་བསྔོག་བཤེར་བྱས་ཡོད་པ།

2009.04.19

༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་གཡས་གཡོན་དུ་བོད་ཤར་ཕྱོགས་ཁམས་འབའ་ཐང་རྫོང་ཁོངས་སྤོ་གུར་གཤིས་ཤང་ཁོངས་སྒར་དུ་ལུང་པར་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་མི་གྲངས་བདུན་བཅུ་ཙམ་སླེབས་ཏེ་གྲོང་ཚོའི་ནང་གི་དུད་ཚང་རེ་རེ་བྱས་ཏེ་བསྔོག་བཤེར་བྱས་ཡོད་པ་དང་ཉུང་མཐར་བོད་མི་གྲངས་བརྒྱ་ཙམ་འཛིན་བཟུང་བྱས་མ་ཚར་བར་རྒྱ་དམག་གིས་ས་གནས་ནས་ཕྱིར་ཐོན་རྒྱུ་མིན་པའི་ཁ་གཏམ་ཡང་བཤད་ཡོད་ལུགས་བཙན་བྱོལ་བོད་གཞུང་གི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

བོད་གཞུང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་ས་གནས་སུ་གནས་ཚུལ་དེ་ལྟར་ཐོན་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་ཤར་དུ་སུས་བརྒྱབ་མིན་མི་ཤེས་པར་འབའ་ཐང་རྫོང་ཁོངས་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་སུ་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་ཡོད་པ་དང་དུས་ཚོད་དེའི་གཡས་གཡོན་དུ་ས་གནས་དེར་རྒྱ་སྐད་དང་བོད་ཡིག་གཉིས་ཐོག་རྒྱ་མི་བོད་ནས་མར་རྒྱུག།བོད་ཀྱི་བདག་པོ་བོད་མི་ཡིན།ཞེས་པ་སོགས་ཀྱི་འཕྲེད་དར་ཆེན་པོ་བཀལ་བ་སོགས་ཀྱི་གནས་ཚུལ་ཐོན་རྗེས་སྐད་ཡིག་གཉིས་ཀ་ཤེས་མཁན་གྱི་བོད་མི་བཞིར་དོགས་གཞི་བྱས་ཏེ་འཛིན་བཟུང་བྱེད་པར་ཡོང་སྐབས་བོད་མི་དེ་དག་ས་གནས་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག སྤྱི་བདེ་ཉེན་རྟོག་པས་མུ་མཐུད་ཞིབ་འཇུག་བྱས་ཏེ་ས་གནས་སུ་ཡོད་པའི་སྐྱེས་པ་ཚང་མར་སུན་གཙེར་ཤུགས་ཆེ་བཟོས་སྟབས་སྐྱེས་པ་མང་པོ་ཞིག་རང་གནས་སུ་སྡོད་མ་ཐུབ་པར་ས་ཆ་གཞན་ལ་ཉེན་གཡོལ་དུ་བསྐྱོད་ཡོད་པར་བརྟེན་ས་གནས་དེར་ས་ཞིང་རྨོས་མ་ཐུབ་པར་ལུས་ཡོད་པའི་གནས་ཚུལ་ཐོན་ཡོད་རེད། ཕྱི་ཟླ་གསུམ་པའི་ནང་འབར་གས་ཀྱི་དོན་རྐྱེན་དང་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞིའི་དོན་རྐྱེན་རྗེས་སུ་ས་གནས་ཀྱི་དྲག་ཆས་དམག་མི་དེ་ཚོས་ཡུལ་མིར་དམ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་འདུག ས་གནས་ཡུལ་མི་ཚོས་སྔོག་བཤེར་བྱེད་མཁན་གྱི་དམག་མི་ཚོར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་འདོན་བཞིན་ཡོད་པ་མ་ཟད་སྔ་ལོའི་ཕྱི་ཟླ་ལྔ་པའི་ནང་དུའང་རྒྱ་ནག་གཞུང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་མཁན་གྱི་ལས་བྱེད་ས་གནས་སུ་ཡོང་སྐབས་མང་ཚོགས་ནས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་ལུགས་འགྲེལ་བརྗོད་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎